ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཧོང་ཀོང་ཉེ་འཁྲིས་སུ་དྲག་ཆས་ཉེན་རྟོག་པ་བཏང་འདུག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

དེ་རིང་སྤྱི་ཟླ་བརྒྱད་པའི་ཚེས་བཅོ་ལྔའི་ཉིན་རྒྱ་ནག་གི་དྲག་ཆས་ཉེན་རྟོག་དམག་མི་བརྒྱ་ཕྲག་མང་པོས་ཧོང་ཀོང་གྲོང་ཁྱེར་དང་ཐག་ཉེ་སར་ཡོད་པའི་རྒྱ་ནག་གི་གྲོང་ཁྱེར་ཧྲིན་ཀྲིན་གྱི་ལུས་རྩལ་ར་བ་ཞིག་ཏུ་དམག་སྦྱོང་བྱེད་བཞིན་པ་དང་། ཨ་རིའི་ཕྱི་སྲིད་ལྷན་ཁང་སོགས་ནས་ཐེངས་འདིའི་ཧོང་ཀོང་གི་ཉེས་ཅན་རྩིས་སྤྲོད་ཀྱི་ཁྲིམས་གཞིར་འགྱུར་བ་གཏོང་རྒྱུར་ངོ་རྒོལ་བྱེད་བཞིན་པའི་ལས་འགུལ་འདིར་རྒྱ་ནག་གཞུང་གིས་དམག་ཤུགས་བཀོལ་ནས་དྲག་གནོན་བྱེད་སྲིད་པའི་བློ་འཚབ་བྱེད་བཞིན་པ་རེད། རོ་ཨེ་ཁྲིར་གསར་འགྱུར་ཁང་གིས་སྤེལ་བའི་གསར་འགྱུར་ལྟར་ན་དེ་རིང་གྲོང་ཁྱེར་ཧྲིན་ཀྲིན་གྱི་མི་རྣམས་ཀྱིས་དེ་གར་ཡོད་པའི་ལུས་རྩལ་ར་བ་ཞིག་གི་ནང་དུ་དྲག་ཆས་ཉེན་རྟོག་པའི་གོན་པ་གྱོན་པའི་དམག་མི་མང་པོས་ཁ་གཡང་བསྒྲགས་ནས་དམག་རྩལ་སྦྱོང་བཞིན་པའི་གནས་ཚུལ་མཐོང་ཡོད་ཅིང་། ལུས་རྩལ་ར་བ་དེའི་སྒོ་དམ་པོར་བརྒྱབ་ནས་མི་གཞན་པ་ར་བའི་ནང་འགྲོ་བསྐྱོད་བྱེད་དུ་འཇུག་གི་མེད་པ་དང་། ལུས་རྩལ་ར་བའི་འཁོར་ལྷས་རུ་དྲག་ཆས་ཉེན་རྟོག་པའི་ཟོང་འཁོར་དང་། ལྕགས་ཁྲབ་འཁོར་ལོ་སོགས་འཁོར་ལོའི་རིགས་བརྒྱ་ལྷག་ཡོད་པའི་གྲས་སུ་ཆེས་མ་མཐའ་ཡང་ལྕགས་ཁྲབ་འཁོར་ལོ་ཆེ་བ་གཉིས་ནས་ཆུ་གཏོར་རླངས་འཁོར་ཆེ་བ་གཉིས་ཡོད་པ་རེད། འདས་པའི་ཟླ་བ་གཉིས་ལྷག་གི་རིང་ལ་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་བ་དང་ཉེན་རྟོག་པའི་བར་དུ་ཐེངས་མང་པོར་ལག་འཛིང་གི་གདོང་གཏུག་བྱུང་སྟེ་གནས་ཚུལ་ཛ་དྲག་ཆེ་ནས་ཆེ་རུ་འགྲོ་བཞིན་པ་དང་། འདི་ནི་ཆིག་སྟོང་དགུ་བརྒྱ་གོ་བདུན་ལོར་དབྱིན་ཇིས་ཧོང་ཀོང་གི་འཛིན་སྐྱོང་དབང་ཆ་རྒྱ་ནག་ལ་རྩིས་སྤྲོད་བྱས་པའི་རྗེས་ནས་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་གཞི་རྒྱ་ཆེ་ཤོས་དེ་དང་ཧོང་ཀོང་དུ་བྱུང་བའི་སྤྱི་ཚོགས་ཀྱི་ཉམས་ཉེས་ཆེ་ཤོས་དེ་ཡིན་པས་ཞིས་ཅིན་ཕིན་གྱིས་སྣེ་ཁྲིད་པའི་རྒྱ་ནག་གཞུང་གིས་གནས་ཚུལ་འདི་ཅི་ལྟར་ཞི་འཇམ་དུ་གཏོང་རྒྱུ་དང་། ངོ་རྒོལ་ལས་འགུལ་འདིའི་དགོས་འདུན་ཁག་ཅི་ལྟར་ཐག་གཅོད་བྱ་རྒྱུ་ནི་སྐབས་སུ་བབས་པའི་དཀའ་ངལ་ཆེ་ཤོས་དེ་ཆགས་ཡོད་པ་རེད། ཁ་སང་གཟའ་ལྷག་པའི་ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་ནས་ཨ་རིས་རྒྱ་ནག་གིས་ཧོང་ཀོང་གི་ཉེ་འཁྲིས་སུ་དྲག་ཆས་ཉེན་རྟོག་དཔུང་སྡེ་མངགས་བཞིན་པར་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་ལ། ཧོང་ཀོང་འཛིན་སྐྱོང་གཞུང་གིས་ཧོང་ཀོང་མི་དམངས་ཀྱི་སྨྲ་བརྗོད་རང་དབང་དང་། ཞི་བའི་འདུ་འཛོམས་ཀྱི་རང་དབང་ལ་གུས་བརྩི་ཞུ་རྒྱུའི་འབོད་སྐུལ་ཀྱང་ཞུས་འདུག རྒྱ་ནག་གཞུང་གི་དོ་དམ་འོག་ཡོད་པའི་གསར་འགྱུར་བརྒྱུད་ལམ་ཁག་གིས་དྲག་ཆས་ཉེན་རྟོག་པས་ངོ་རྒོལ་བ་འགོག་སྲུང་གི་སྦྱོང་བརྡར་བྱེད་བཞིན་པའི་གནས་ཚུལ་ཐེངས་མང་པོར་གསར་ལམ་དུ་བསྒྲགས་པ་དང་། རྒྱ་ནག་མི་དམངས་ཉིན་རེའི་ཚགས་པར་ཁང་གི་ཁོངས་གཏོགས་སུ་ཡོད་པའི་གོ་ལའི་དུས་བབ་ཅེས་པའི་གསར་འགྱུར་ཁང་གིས་ཧྲིན་ཀྲིན་དུ་དྲག་ཆས་ཉེན་རྟོག་པས་གཞི་རྒྱ་ཆེ་བའི་དམག་སྦྱོང་བྱེད་བཞིན་པའི་གནས་ཚུལ་བསྒྲགས་པ་མ་ཟད། ཚགས་པར་ཁང་དེའི་རྩོམ་སྒྲིག་འགན་འཛིན་ཧུའུ་ཞིས་ཅིན་ནས་ཀྲོས་ཁྲིར་བརྒྱུད་ལམ་དུ། འདི་ནི་ཧོང་ཀོང་གི་དྲག་སྤྱོད་ངོ་རྒོལ་བར་མངོན་གསལ་དོད་པོས་ཉེན་བརྡ་བཏང་བ་ཞིག་ཡིན་པའི་འགྲེལ་བཤད་ཀྱང་བྱས་ཡོད་པ་རེད། ཡིན་ནའང་ཧོང་ཀོང་དུ་ཡོད་པའི་ཕྱིའི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་མི་སྣ་དག་གིས་རྒྱ་ནག་གཞུང་གིས་ཧོང་ཀོང་དུ་དམག་ཤུགས་བཀོལ་ནས་དྲག་གནོན་བྱེད་མི་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་དེ། གལ་ཏེ་ཧོང་ཀོང་དུ་དམག་བཏང་ནས་དྲག་གནོན་བྱས་པ་ཡིན་ན་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལ་བཟུང་བའི་ཡིད་ཆེས་བརླག་འཇོག་པ་མ་ཟད། དེ་དང་འབྲེལ་ནས་རྒྱ་ནག་གཞུང་ལ་ཉེས་ཆད་སྣ་ཚོགས་གཅོད་སྲིད་པ་རྒྱ་ནག་གཞུང་གི་མགོ་ཁྲིད་དག་གིས་གསལ་བོར་ཤེས་ཀྱི་ཡོད་པའི་ངོས་འཛིན་བྱེད་བཞིན་འདུག ཧོང་ཀོང་དུ་ཡོད་པའི་རྒྱལ་ཁབ་གཞན་གྱི་ཕྱི་འབྲེལ་མི་སྣ་ཞིག་གིས་ཨ་རིའི་རླུང་འཕྲིན་ཁང་དུ་བརྗོད་གསལ་ལ། ཧོང་ཀོང་གི་གནས་སྟངས་འདི་བལྟས་ཚོད་ཀྱིས་ཛ་དྲག་ཆེ་ནས་ཆེ་རུ་འགྲོ་བཞིན་ཡོད་ནའང་། དམག་སྦྱོང་བྱེད་བཞིན་པ་སོགས་ནི་རྣམ་འགྱུར་སྟོན་སྟངས་ཤིག་དང་དྲིལ་བསྒྲགས་ཤིག་ཡིན་པ་ལས། གནས་སྟངས་འདི་ལྟ་བུའི་འོག་ཏུ་རྒྱ་ནག་གི་དྲག་ཆས་དམག་དཔུང་ཧོང་ཀོང་དུ་གཏོང་སྲིད་ཀྱི་མ་རེད་ཅེས་ཀྱང་བཤད་འདུག

XS
SM
MD
LG