ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཧྭ་ཝེའི་ཐོན་སྐྱེད་བཀག་འགོག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་སྣེ་ཁྲིད་པའི་གཞུང་འཛིན་ལྷན་ཁང་གིས་ཨ་རིའི་གཞུང་གི་ལས་ཁུངས་ཁག་གིས་ཧྭ་ཝེ་བཟོ་ཚོང་ཁང་གཙོས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ལྔས་བཟོས་པའི་བརྡ་འཕྲིན་སྒྲིག་ཆས་ཀྱི་རིགས་དང་བརྙན་འཛིན་འཕྲུལ་ཆས་སོགས་བཀོལ་སྤྱོད་བྱེད་ཆོག བརྡ་འཕྲིན་གྱི་ཞབས་ཞུའི་ལས་རིགས་ཁག་ངོས་ལེན་བྱེད་མི་ཆོག་ཅེས་ཐག་གཅོད་བྱུང་ཡོད་ཅིང་། ཨ་རིའི་རྒྱལ་སྲུང་ལྷན་ཁང་དང་སྤྱི་གཉེར་དོ་དམ་ལྷན་ཁང་། ཨ་རིའི་མཁའ་དབྱིངས་ཞིབ་འཇུག་ཁང་སོགས་ལ་སྤྱི་ཟླ་༨་པའི་ཚེས་༧་ཉིན་གསལ་བསྒྲགས་སྤེལ་འདུག

འདི་ནི་ཨ་རིའི་གཞུང་གི་ཉོ་ཚོང་སྒྲིག་སྲོལ་ལ་འགྱུར་བ་བཏང་སྟེ་ཁྲིམས་ལུགས་ལྟར་བརྡ་འཕྲིན་སྒྲིག་ཆས་དང་གློག་མིག་གི་སྒྲིག་ཆས་ཁག་ཅིག་བཀག་སྡོམ་བྱས་པ་ཞིག་ཡིན་པར་མ་ཟད། བརྡ་འཕྲིན་དང་གློག་མིག་གི་སྒྲིག་ཆས་རྣམས་བཀག་སྡོམ་བྱ་རྒྱུའི་ཐག་གཅོད་འདིས་༢༠༡༩་ལོའི་ཨ་རིའི་རྒྱལ་སྲུང་ཁྲིམས་ཡིག་བཞི་པའི་དོན་ཚན་༨༠་དང་༨༩་དེའི་ཚན་པ་དང་པོ་གཞི་རྩར་བཟུང་བ་ཞིག་ཡིན་པ་དང་དོན་ཚན་དེའི་ནང་དུ་ཨ་རིའི་འཛིན་སྐྱོང་གཞུང་གི་འགན་ཁུར་བ་ཚོས་གཞུང་གིས་བཀག་སྡོམ་བྱས་ཡོད་པའི་སྒྲིག་ཆས་ཀྱི་རིགས་ཉོ་མི་ཆོག་པའི་ཐག་གཅོད་བྱས་ཡོད་པ་རེད།

༢༠༡༩་ལོའི་ཨ་རིའི་རྒྱལ་སྲུང་ཁྲིམས་གཞི་ནི་ན་ནིང་ཨ་རིའི་གྲོས་ཚོགས་ཀྱིས་ཐག་གཅོད་བྱུང་སྟེ་སྲིད་འཛིན་ཌོ་ནལ་ཊམ་གྱིས་མིང་རྟགས་འཁོད་དེ་ཁྲིམས་སུ་གཏན་འཁེལ་བྱུང་། ཁྲིམས་གཞི་འདི་ནི་ཨ་རིའི་བདེ་འཇགས་ལ་དམིགས་ཏེ་ཐག་གཅོད་བྱུང་བ་ཞིག་དང་རྗེས་སུ་ཨ་རིའི་གཞུང་གི་མ་དངུལ་འགྲོ་སོང་བཏང་སྟེ་ཧྭ་ཝེ་སོགས་ཀྱི་སྒྲིག་ཆས་ཉོ་རྒྱུར་ཚོད་འཛིན་ཆེན་པོ་ཞིག་བྱས་ཡོད། ཨ་རིའི་གཞུང་གིས་ཁྲིམས་གཞི་འདི་གཏན་འབེབས་བྱུང་བ་དང་བསྟུན་ནས་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་གིས་སྤྱི་ཟླ་༣་པའི་ནང་དུ་ཨ་རིའི་ཊེཀ་སེ་སི་མངའ་སྡེའི་གཞུང་གི་ཁྲིམས་ཁང་དུ་ཨ་རིའི་གཞུང་གི་ཐག་གཅོད་དེ་ཁྲིམས་ལུགས་ལ་མཐུན་པ་ཞིག་མ་རེད་ཅེས་ཁྲིམས་གཏུགས་བྱས་ཏེ་ཨ་རིའི་གཞུང་གི་ཐག་གཅོད་དེ་ཨ་རིའི་རྩ་ཁྲིམས་སུ་ཁེ་དབང་བཙན་འཕྲོག་མི་ཆོག་པའི་ཁྲིམས་ཡིག་ལ་རྒྱབ་འགལ་སོང་འདུག་ཅེས་རྩོད་པ་བརྒྱབ།

ཨ་རིའི་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པ་ཡོད་པའི་རྒྱུ་མཚན་ལ་དམིགས་ནས་ཐག་གཅོད་བྱས་པ་ཡིན་ཞེས་གསལ་བཤད་བྱས་ཤིང་། ཕྱི་ཟླ་༨་ཚེས་༨་ཉིན་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་གི་མགྲིན་ཚབ་པས་ཨ་རིའི་གཞུང་གི་ཐག་གཅོད་འདིར་ཧ་ལས་དགོས་དོན་མེད། ཧ་ཝེ་བཟོ་ཚོང་ཁང་གིས་མུ་མཐུད་དུ་ཨ་རིའི་ཁྲིམས་ཁང་ལ་གཏུགས་བཤེར་བྱས་ཏེ་ཧྭ་ཝེའི་སྒྲིག་ཆས་རྣམས་ཨ་རིའི་གཞུང་གིས་བཀོལ་སྤྱོད་བྱེད་མི་ཆོག་པའི་བཀག་འགོག་བྱེད་བཞིན་པ་ཨ་རིའི་རྩ་ཁྲིམས་ལ་མཐུན་གྱི་ཡོད་མེད་མུ་མཐུད་དུ་རྩོད་པ་རྒྱག་གི་ཡིན། ཧྭ་ཝེ་བཟོ་ཚོང་ཁང་གིས་ཁྲིམས་འགལ་བྱས་ཡོད་པའི་ཁུངས་ལྡན་གྱི་དཔང་རྟགས་མེད་པར་ཉེས་ཆད་གཅོད་མི་ཆོག་ཅེས་རྒྱུ་མཚན་བགྲངས་ནས་སྐྱོན་བརྗོད་བྱས་འདུག

ཨ་རིའི་གཞུང་གི་ཧྭ་ཝེ་སོགས་ཀྱི་སྒྲིག་ཆས་བཀག་འགོག་བྱས་པའི་ཐག་གཅོད་ནི་ཟླ་བ་འདིའི་ཚེས་༡༣་ཉིན་ནས་བཟུང་སྟེ་ལག་བསྟར་བྱ་རྒྱུ་དང་། བཀག་འགོག་བྱས་པའི་སྒྲིག་ཆས་ཀྱི་ཁོངས་སུ་ཧྭ་ཝེ་བཟོ་ཚོང་ཁང་གི་ཐོན་སྐྱེད་དང་ཀྲུང་ཞཱིང་་བཟོ་ཚོང་ཁང་། ཧེ་ནིན་ཏཱ་བརྡ་འཕྲིན་བཟོ་ཚོང་ཁང་ཧེ་ཁཱང་ཝེ་ཧྲི། ཏཱ་ཧྭ་ཚན་རྩལ་བཅས་འདུས། གནས་སྐབས་སུ་རྒྱ་ནག་གི་བཟོ་ཚོང་ལས་ཁང་འདི་དག་གི་སྒྲིག་ས་རྣམས་ཨ་རིའི་འཛིན་སྐྱོང་ལས་ཁུངས་ཁག་ཏུ་བཀོལ་སྤྱོད་གཏོང་རྒྱུ་ཁོ་ན་ཡིན་མོད། འོན་ཀྱང་སྤྱི་ལོ་༢༠༢༠་ལོའི་ཕྱི་ཟླ་༨་པའི་ནས་བཟུང་སྟེ་ཨ་རིའི་བཟོ་ཚོང་ལས་ཁང་ཁག་གིས་ཀྱང་ཧྭ་ཝེ་སོགས་ཨ་མི་རི་ཀའི་གཞུང་གིས་བཀག་སྡོམ་བྱས་ཡོད་པའི་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གི་ཐོན་སྐྱེད་རྣམས་བཀོལ་སྤྱོད་གཏོང་རྒྱུ་མིན་པའི་གན་རྒྱ་འཇོག་དགོས་པའི་ཐག་གཅོད་བྱས་འདུག ཨ་རིའི་ཕོ་བྲང་དཀར་བོའི་དོ་དམ་དང་སྔོན་རྩིས་ལས་ཁང་གི་མགྲིན་ཚབ་པ་ཇཱེཀ་བྷི་འོ་ཌིས་ཨ་རིའི་གཞུང་འཛིན་ལྷན་ཁང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུའི་ཁས་ལེན་བྱས་ཏེ། མ་འོངས་པར་ཧྭ་ཝེ་སོགས་ཀྱི་སྒྲིག་ཆས་བཀག་འགོག་བྱ་རྒྱུར་ཨ་རིའི་གྲོས་ཚོགས་ཀྱིས་ལམ་སྟོན་ལ་ཡོངས་སུ་བརྩི་འཇོག་བྱ་གི་ཡིན་ཅེས་ཀྱང་བཤད་འདུག

XS
SM
MD
LG