ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱལ་སྤྱིའི་ཚོང་དོན་འགྲིག་མཐུན་གྲོས་ཆོད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རི་དང་རྒྱ་ནག་གི་ཚོང་དོན་འགལ་ཟླའི་ཐད་དུ་གྲོས་མཐུན་མ་བྱུང་བར་མུ་མཐུད་དུ་དངོས་ཟོག་ལ་སྒོ་ཁྲལ་སྤར་རེས་བྱས་ཏེ་ཚོང་གྲོགས་རྒྱལ་ཁབ་གཉིས་ཀྱི་ཚོང་དོན་འགལ་ཟླ་ཆེ་རུ་འགྲོ་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་ཅིང་། དེ་རིང་སྤྱི་ཟླ་༨་པའི་ཚེས་༧་གྱི་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྱབ་ཁོངས་སུ་རྒྱལ་སྤྱིའི་ཉོ་ཚོང་འགྲིག་མཐུན་གྲོས་ཆོད་ཅིག་བཞག་སྟེ་ཨ་རི་དང་རྒྱ་ནག་གཉིས་ཀྱིས་ཀྱང་གྲོས་ཆོད་དེར་མིང་རྟགས་བཀོད། ད་དུང་ལྷོ་ཀོ་རི་ཡ་དང་རྒྱ་གར། སིངྒ་པུར། ཁ་ཛཀ་གི་སི་ཐན། ཨི་རན། མ་ལེ་ཤི་ཡ། ཨི་སི་རེལ་སོགས་ཁྱོན་བསྡོམས་རྒྱལ་ཁབ་༤༦་གི་སྐུ་ཚབ་ཚོས་གྲོས་ཐུན་དེར་མིང་རྟགས་བཀོད་འདུག

མཉམ་འབྲེལ་རྒྱལ་ཚོགས་རྒྱལ་སྤྱིའི་ཚོང་དོན་གྲོས་མཐུན་གྱི་གྲོས་ཆོད་དམ། སིངྒ་པུར་གྱི་གྲོས་ཆོད་ཅེས་པ་འདི་ནི་རྒྱལ་སྤྱིའི་ཉོ་ཚོང་གི་ངོས་ནས་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་ཉོ་ཚོང་སོགས་ཚོང་དོན་གྱི་འགལ་ཟླ་དང་དཀའ་རྙོག་གི་རིགས་སེལ་ཐབས་ལ་དམིགས་པའི་གྲོས་མཐུན་ཚོགས་པ་ཞིག་ཡིན་ཞིང་། གལ་སྲིད་འཛམ་གླིང་རྒྱལ་ཁབ་གང་རུང་ཞིག་གྲོས་མཐུན་དེའི་ཁོངས་སུ་མཉམ་ཞུགས་བྱས་པ་ཡིན་ན་ཚོགས་པའི་གྲོས་ཆོད་བཞག་ཡོད་པའི་གྲོས་མཐུན་གྱི་ནང་དོན་ཁག་ལ་རྒྱལ་ཁབ་སོ་སོའི་ཁྲིམས་ཁང་ནས་ངོས་ལེན་དང་གན་རྒྱའི་ནང་དུ་གཏན་འབེབས་བྱས་པའི་འབྲུ་དོན་ཁག་ལག་བསྟར་བྱ་དགོས་པའི་གཏན་འབེབས་བྱུང་། མ་འོངས་པར་ཡུ་རོབ་མཉམ་འབྲེལ་ཁོངས་ཀྱི་རྒྱལ་ཁབ་ཁག་གིས་ཀྱང་གྲོས་མཐུན་དེར་མིང་རྟགས་འགོད་སྲིད་པའི་ཚོད་དཔག་བྱེད་བཞིན་པ་རེད།

རྒྱལ་སྤྱིའི་ཉོ་ཚོང་གྲོས་མཐུན་ཚོགས་པ་ནི་མཉམ་འབྲེལ་རྒྱལ་ཚོགས་རྒྱལ་སྤྱིའི་ཚོང་དོན་ཁྲིམས་ལུགས་ལྷན་ཚོགས་ཀྱིས་སྤྱི་ལོི་༢༠༡༨་ལོའི་ཟླ་བ་༦་པར་བསྡུས་པའི་ཚོགས་ཆེན་ཐེངས་༥༡་པའི་ཐོག་ཏུ་བྱུང་བའི་གཏན་འབེབས་ཤིག་ཡིན་ཞིང་། མཐུན་ཚོགས་དེར་ཚོགས་ཞུགས་རྒྱལ་ཁབ་༨༥་དང་རྒྱལ་སྤྱིའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་༣༥་སྐུ་ཚབ་མཉམ་ཞུགས་ཀྱིས་ལོ་གསུམ་གྱི་རིང་དུ་ཡང་ནས་ཡང་དུ་བགྲོ་གླེང་དང་གྲོས་བསྡུར་གྱིས་ཐག་བཅད་པ་ཞིག་ཡིན། ད་ཐེངས་ཀྱི་གྲོས་ཆོད་འདི་ནི་ཨ་རི་དང་རྒྱ་ནག་གི་ཚོང་ལས་ལ་སྒོ་ཁྲལ་སྤར་རེས་བྱེད་བཞིན་པ་དང་དངུལ་གྱི་འཛའ་ཐང་ཐོག་ཏུ་འགལ་ཟླ་བྱུང་བཞིན་པ། གཞན་ལྷོ་ཀོ་རི་ཡ་དང་ཉི་ཧོང་གི་གཉིས་ལཚོང་ལས་ཀྱི་འགལ་ཟླ་འབྱུང་བཞིན་པ་བཅས་ཛ་དྲག་ཆེ་བའི་གནས་སྟངས་ཤིག་གི་འོག་ཏུ་གྲོས་མཐུན་འདིར་མིང་རྟགས་འགོད་ཐུབ་ཡོད་པས་མ་འོངས་པར་རྒྱལ་ཁབ་འདི་དག་གི་ཉོ་ཚོང་འགལ་ཟླ་སེལ་རྒྱུ་དེར་བཟང་ཕྱོགས་ཀྱི་ནུས་བ་ཞིག་འཐོན་ཐུབ་པའི་རེ་བ་འཅར་ཡོད་པ་རེད།

ད་སྔ་འཛམ་གླིང་གི་དཔལ་འབྱོར་སྟོབས་ཤུགས་ཆེ་ཤོས་གྲས་ཀྱི་རྒྱལ་ཁབ་ཨ་རི་དང་རྒྱ་ནག་གཉིས་ལ་ལོ་གཅིག་ལྷག་གི་རིང་ལ་ཚོང་ལས་ཀྱི་འགལ་ཟླ་བྱུང་བའི་སྟབས་ཀྱིས་རྒྱལ་ཁབ་འདི་དག་གི་ཚོང་ལས་ལ་གྱོང་གུད་ཆེན་པོ་ཕོག་པ་ཡོད་པར་མ་ཟད། འགལ་ཟླ་འདི་ལ་བརྟེན་ནས་རྒྱལ་སྤྱིའི་མ་རྐང་ཁྲོམ་རའི་རིན་ཐང་ཆག་ཅིང་། དངོས་ཟོག་གི་རིན་གོང་འཕར་བ། བཟོ་གྲྭ་མང་པོའི་ཚོང་ལས་བརྡིབས་པ། མི་མང་ལས་ཤོར་པའི་གྲངས་ཀ་མང་དུ་འགྲོ་བཞིན་པ་སོགས་རྒྱལ་སྤྱིའི་དཔལ་འབྱོར་གྱི་གནས་སྟངས་ལ་ཤུགས་རྐྱེན་ཆེན་པོ་ཐེབས། གཞན་ཡང་ཨ་རིའི་སྲིད་འཛིན་གྱིས་ཉེ་ཆར་སྤྱི་ཟླ་༩་པའི་ཚེས་༡་ནས་བཟུང་སྟེ་ཨ་མི་རི་ཀས་རྒྱ་ནག་ནས་ནང་འདྲེན་བྱེད་བཞིན་པའི་ཨ་སྒོེར་དུང་ཕྱུར་༣༠༠་ཐམ་པར་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༡༠་སྤར་རྒྱུ་ཡིན་ཞེས་བསྒྲགས། ཡང་རྒྱ་ནག་གིས་དངུལ་སྒོར་གྱི་འཛའ་ཐང་གཡོ་སྒྱུར་བྱས་པ་སོགས་ཀྱི་འགལ་ཟླ་སྣ་ཚོགས་ཤིག་གིས་འཛམ་གླིང་སྤྱིའི་དཔལ་འབྱོར་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པའི་སྟབས་ཀྱིས་རྒྱལ་སྤྱིའི་གྲོས་མཐུན་སྒྲིག་འཛུགས་ཀྱིས་དཀའ་རྣམས་སེལ་དགོས་པའི་དུས་སུ་བབས་འདུག་ཅེས་བཤད་དོ།།

XS
SM
MD
LG