ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཀ་ཤི་མིར་དང་རྒྱ་དཀར་ནག པ་ཀི་སི་ཐན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། གཟའ་འཁོར་འདིར་རྒྱ་གར་གྱི་རྩ་ཁྲིམས་སུ་ཀ་ཤི་མིར་ལ་དམིགས་བསལ་གྱི་གནས་བབ་ཅིག་ཡོད་པ་ཕྱིར་བསྡུ་བྱས་ནས་འཇའ་མུ་ཀ་ཤི་མིར་མངའ་སྡེ་ཞེས་པ་འཇའ་མུ་ཀ་ཤི་མིར་དང་ལ་དྭགས་བཅས་མངའ་སྡེ་ཁག་གཉིས་ལ་བགོ་བཤའ་རྒྱག་རྒྱུ། འཇའ་མུ་ཀ་ཤི་མིར་ལ་མངའ་སྡེ་གྲོས་ཚོགས་ཡོད་པ་དང་ལ་དྭགས་ལ་མངའ་སྡེ་གྲོས་ཚོགས་མེད་པར་དབུས་གཞུང་གི་ཐད་སྐྱོང་ས་གནས་སུ་བསྒྱུར་རྒྱུའི་ཐག་བཅད། དེར་བརྟེན་རྒྱ་གར་དང་པ་ཀི་སི་ཐན་གྱི་འབྲེལ་བ་བཟང་པོ་མེད་པ་སྔར་ལས་ཇེ་སྡུག་ཏུ་ཕྱིན་ཏེ་པ་ཀི་སི་ཐན་གཞུང་གིས་རྒྱ་གར་གྱི་གཞུང་ཚབ་པ་ཕྱིར་ཕུད་དང་མེ་འཁོར་འགྲིམ་འགྲུལ་བཀག་སྡོམ། རྒྱ་གར་ལ་ཚོང་ལས་བཀག་ནས་ཀ་ཤི་མིར་གྱི་དམིགས་བསལ་གནས་བབ་ཕྱིར་བསྡུ་བྱས་པར་ངོ་རྒོལ་བྱེད་ཀྱི་ཡོད་ཅིང་། གཟའ་ཕུར་བུའི་ཉིན་རྒྱ་གར་གྱི་གཞུང་འབྲེལ་མི་སྣ་ཚོས་པ་ཀི་སི་ཐན་གཞུང་གིས་ཕྱོགས་གཉིས་ཀྱི་ཕྱི་འབྲེལ་གནས་རིམ་དམའ་རུ་བཏང་སྟེ་འཛམ་གླིང་ཡོངས་ལ་ཛ་དྲག་ཆེན་པོ་ཞིག་འབྱུང་གི་ཡོད་པའི་རྣམ་འགྱུར་སྟོན་གྱིན་འདུག ཡིན་ནའང་རྒྱ་གར་གྱི་རྩ་ཁྲིམས་སུ་འཁོད་པའི་ཀ་ཤི་མིར་གྱི་དམིགས་བསལ་གནས་བབ་ཕྱིར་བསྡུ་བྱས་པ་ནི་རྒྱ་གར་གྱི་ནང་སྲིད་ཅིག་ཡིན་ཞེས་དགག་པ་བརྒྱབ།

རྒྱ་གར་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་པ་ཀི་སི་ཐན་གཞུང་གིས་རྒྱ་གར་གྱི་གཞུང་ཚབ་པ་ཕྱིར་ཕུད་བྱས་ནས་ཕྱོགས་གཉིས་ཀྱི་ཕྱི་འབྲེལ་གནས་རིམ་དམའ་རུ་བཏང་བར་བློ་ཕམ་ཆེན་པོ་ཡོད། ང་ཚོས་པ་ཀི་སི་ཐན་གཞུང་ལ་རང་གི་ཐག་གཅོད་དེར་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། འཇའ་མུ་ཀ་ཤི་མིར་གྱི་གནད་དོན་ནི་རྒྱ་གར་གྱི་ནང་སྲིད་ཅིག་ཡིན་པས་པ་ཀི་སི་ཐན་གྱིས་དེ་ལ་ཐེ་གཏོགས་མ་བྱས་ན་དགེ་མཚན་ཡོད། རྒྱ་གར་གཞུང་གིས་ཀ་ཤི་མིར་གྱི་དམིགས་བསལ་གནས་བབ་ཕྱིར་བསྡུ་བྱས་པར་པ་ཀི་སི་ཐན་གྱིས་ངོ་རྒོལ་བྱེད་ཀྱི་ཡོད་པ་ཡ་མཚན་ཞིག་མིན། ཁོ་ཚོས་ཀ་ཤི་མིར་གྱི་བདེ་སྡུག་ཁ་ལ་འཁྱེར་ནས་རང་དོན་བསྒྲུབ་པར་ས་མཚམས་སུ་ཟིང་འཁྲུག་སློང་བའམ། ཡང་ན་ས་མཚམས་ནས་འཇིགས་སྐུལ་རིང་ལུགས་པ་བཏང་ནས་དྲག་ཟིང་ལ་རྒྱབ་སྐྱོར་བྱེད་ཀྱི་འདུག རྒྱ་གར་གྱི་རྩ་ཁྲིམས་ནི་དུས་དང་རྣམ་པ་ཀུན་ཏུ་རྒྱ་གར་གྱི་བདག་དབང་ལ་འབྲེལ་བ་ཡོད་པའི་གནད་དོན་ཞིག་ཡིན། དེས་ན་རྒྱ་གར་གཞུང་གིས་རང་གི་རང་ཁྲིམས་འཛིན་དབང་ཚད་བཀོལ་པར་གཞན་གྱིས་ཐེ་གཏོགས་བྱས་ཀྱང་ནམ་ཡང་དམིགས་ཡུལ་འགྲུབ་མི་ཐུབ་ཅེས་གསར་འགོད་གསལ་བསྒྲགས་སྤེལ། འོན་ཀྱང་རྒྱ་གར་གྱི་ཁྲིམས་རྩོད་པ་ཚོས་སྲིད་གཞུང་གི་ཐག་གཅོད་དེ་ཁྲིམས་འགལ་ཡིན་སྲིད་པ་དང་ཀ་ཤི་མིར་གྱིས་དེ་ལ་གཏུགས་བཤེར་བརྒྱབ་ནས་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་བར་དུ་ཐུག་སྲིད། རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་གིས་ཀ་ཤི་མིར་གྱི་དམིགས་བསལ་གནས་བབ་ཕྱིར་བསྡུར་བྱས་པ་ཁྲིམས་འགལ་རེད་ཅེས་ཐག་གཅོད་བྱ་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

རྒྱ་གར་གྱི་རྒྱལ་ཡོངས་གྲོས་ཚོགས་སུ་ཀ་ཤི་མིར་ལ་འཛིན་སྐྱོང་བྱེད་སྟངས་དེར་འགྱུར་བ་ཞིག་གཏོང་དགོས་པའི་གླེང་སློང་འབྱུང་གི་ཡོད་པ་དང་འགྱུར་བ་གཏོང་དགོས་པ་དེར་རྒྱ་གར་གྱི་ཕྱོགས་འགལ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་ཀྱང་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཀྱི་ཡོད། འོན་ཀྱང་རྒྱ་གར་གྱི་རྩ་ཁྲིམས་སུ་ཀ་ཤི་མིར་ལ་དམིགས་བསལ་གྱི་གནས་བབ་ཅིག་ཡོད་པ་ས་གནས་མི་མང་ལ་གྲོས་བསྡུར་མ་བྱས་པར་སྲིད་གཞུང་གིས་ཕྱིར་བསྡུ་བྱས་པ་དམངས་གཙོའི་འགྲོ་ལུགས་ལ་རྒྱབ་འགལ་དང་རྒྱ་གར་གྱི་ཆོས་ལུགས་དང་མ་འབྲེལ་བའི་ཆབ་སྲིད་ལམ་ལུགས་ལ་གཏོར་བརྒལ་བྱས་པ་ཞིག་རེད་ཅེས་སྐྱོན་བརྗོད་བྱས་འདུག སྲིད་བློན་མོ་དྷིའི་གཞུང་འཛིན་ཚོགས་པར་རྒྱལ་ཡོངས་གྲོས་ཚོགས་སུ་འཐུས་མི་གྲངས་མང་གི་གདན་གྲངས་ཡོད་པས་ཕྱོགས་འགལ་ཚོགས་པར་བསྟུན་མི་དགོས་པར་ཀ་ཤི་མིར་གྱི་དམིགས་བསལ་གནས་བབ་ཕྱིར་བསྡུ་བྱ་རྒྱུའི་གྲོས་ཆོད་བཞག ༡༩༤༧་ལོར་རྒྱ་གར་གཞུང་གིས་ཀ་ཤི་མིར་ལ་རང་སྐྱོང་གི་ཐོབ་ཐབ་སྤྲོད་རྒྱུ་དང་ཀ་ཤི་མིར་ལ་ས་གནས་ཀྱི་རྩ་ཁྲིམས་ཡོད་པ། ཀ་ཤི་མིར་ལ་རང་གི་རྒྱལ་དར་ཡོད་ཆོག་པའི་ཐོབ་ཐང་སྤྲད་ནས་འདས་པའི་ལོ་༧༠་རིང་ལ་ཀ་ཤི་མིར་རྒྱ་གར་གྱི་མངའ་འོག་ཏུ་མཉམ་གནས་བྱ་ཐུབ་པ་བྱུང་ཡོད་པར་མ་ཟད། རྒྱ་གར་དང་པ་ཀི་སི་ཐན་གཉིས་ཀྱིས་ཀ་ཤི་མིར་བརྩད་ནས་དམག་འཁྲུག་ཐེངས་འགའ་ཞིག་བརྒྱབ། ཀ་ཤི་མིར་གྱི་དྲག་སྤྱོད་པ་ཁག་ཅིག་གིས་མངའ་ཁུལ་དེ་རང་བཙན་བྱ་དགོས་ཟེར་པ་དང་འགའ་ཤས་ཀྱིས་པ་ཀི་སི་ཐན་ལ་གཅིག་གྱུར་བྱ་དགོས་པའི་ལངས་ཕྱོགས་བཟུང་འདུག

བདུན་ཕྲག་འདིའི་གཟའ་མིག་དམར་ཉིན་རྒྱ་ནག་གཞུང་གིས་རྒྱ་གར་གྱི་ཐག་གཅོད་དེར་ངོ་རྒོལ་ཡོད། རྒྱ་གར་གཞུང་གིས་འཇའ་མུ་ཀ་ཤི་མིར་དང་ལ་དྭགས་བཅས་པ་དབུས་གཞུང་གིས་ཐད་སྐྱོང་ས་གནས་ཁག་འགའ་ཞིག་ལ་སྒྱུར་གྱི་ཡོད་པར་བློ་འཚབ་ཆེན་པོ་ཡོད་ཅེས་བཤད། དཔེར་ན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧྭ་ཁྲུན་དབྱིང་གིས་རྒྱ་གར་གྱི་འགོ་ཁྲིད་ཚོས་ལ་དྭགས་ས་གནས་མ་འདྲ་བ་ཞིག་ལ་ལོགས་སུ་དབྱེ་བ་འབྱེད་འཆར་ཡོད་པར་ངོ་རྒོལ་ཡོད། འདི་ནི་རྒྱ་ནག་གི་མངའ་ཁོངས་གོང་བུར་གཅིག་གྱུར་ལ་གཏོར་བརླག་བྱས་པ་ཞིག་ཡིན་པས་ང་ཚོས་དེ་ལ་ནམ་ཡང་ངོས་ལེན་བྱ་ཐུབ་ཐབས་མེད་ཅེས་བཤད། རྒྱ་གར་གཞུང་གིས་ང་ཚོས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་གཏོགས་དང་གླེང་སློང་བྱེད་ཀྱི་མེད། རྒྱ་ནག་གིས་ཀྱང་རྒྱ་གར་གྱི་ནང་སྲིད་ལ་ཐེ་གཏོགས་མ་བྱས་ན་དགེ་མཚན་ཡོད་ཅེས་དགག་པ་བརྒྱབ། ༢༠༡༧་ལོར་བོད་ཀྱི་འབྲོག་ལམ་ས་ཁུལ་དེར་རྒྱ་དཀར་ནག་གཉིས་ཀྱིས་དམག་འཁྲུག་རྒྱག་གྲབས་བྱས་ནས་ཛ་དྲག་བྱུང་། དེ་ནས་སྲིད་བློན་མོ་དྷི་དང་ཞིས་ཅིན་ཕིང་གཉིས་ཀྱིས་རྒྱ་དཀར་ནག་གི་འབྲེལ་བ་ཡར་རྒྱས་གཏོང་རྒྱུ་དང་ས་མཚམས་ཀྱི་འཁྲུག་རྩོད་ཞི་འཇམ་གཏོང་ཐབས་ཀྱིས་རྒྱ་དཀར་ནག་གི་འབྲེལ་བ་ཡག་ཏུ་འགྲོ་ཐུབ་མེད་ཀྱང་སྡུག་ཏུ་ཕྱིན་མེད། གཟའ་འཁོར་འདིར་རྒྱ་གར་གཞུང་གིས་ཀ་ཤི་མིར་གྱི་དམིགས་བསལ་གནས་བབ་ཕྱིར་བསྡུ་བྱས་པས་རྒྱ་དཀར་ནག་གི་འབྲེལ་བར་ཤུགས་རྐྱེན་ངན་པ་ཞིག་ཐེབས་ནས་སྡུག་ཏུ་འགྲོ་སྲིད་པའི་ཉེན་ཀ་ཆེ།

བདུན་ཕྲག་འདིའི་གཟའ་ཉི་མར་རྒྱ་གར་གྱི་ཕྱི་སྲིད་བློན་རྒྱ་ནག་ལ་འཚམས་འདྲིར་ཕེབས་འཆར་ཡོད་པ་དང་ཕྱི་ཟླ་༡༠་ཚེས་༡༢་ཉིན་ཞིས་ཅིན་ཕིང་རྒྱ་གར་གྱི་གནས་མཆོག་ཝ་ར་ཎ་སིར་ཕེབས་ནས་སྲིད་བློན་མོ་དྷིར་ཐུག་འཕྲད་གྲོས་མོལ་བྱ་འཆར་ཡོད་པ་སོགས་རྒྱ་དཀར་ནག་གི་མཐོ་རིམ་འགོ་ཁྲིད་ཚོ་ཕན་ཚུན་འཚམས་འདྲིར་ཕེབས་རྒྱུའི་མཛད་རིམ་སྣ་མང་ཞིག་གཏན་འབེབས་བྱུང་འདུག རྒྱ་གར་གྱི་སྲིད་དོན་དཔྱད་ཞིབ་པ་ཆཱེ་ལ་ནེས་རྒྱ་ནག་གིས་ཀ་ཤི་མིར་གྱི་གནད་དོན་ལ་ངོ་རྒོལ་བྱེད་ཀྱི་ཡོད་པར་རྒྱུ་མཚན་མེད། ཀ་ཤི་མིར་རྒྱལ་ཕྲན་དེ་ཉིད་རྒྱ་གར་དང་པ་ཀི་སི་ཐན་གཉིས་ཀྱིས་བགོ་བཤའ་བརྒྱབ་ཡོད་པ་གཅིག་པུ་མིན། རྒྱ་ནག་གིས་ཀྱང་ཀ་ཤི་མིར་གྱི་ཨཀ་སེ་ཆེན་གངས་རིའི་འཁྱག་རོམ་ས་ཁུལ་དང་ལ་དྭགས་ཀྱི་ས་གནས་ཁག་ཅིག་བཙན་བཟུང་བྱས་ཡོད། ཁོ་ཚོས་ཀ་ཤི་མིར་ས་གནས་དེ་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཟེར་པའི་མངའ་ཁོངས་སུ་བཅུག་ཡོད། ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གི་མཐའ་མཚམས་སྲུང་དམག་རྣམས་རྒྱ་གར་གྱི་ས་ཐོག་ཏུ་སིམ་འཛུལ་བྱ་རྒྱུ་ཤུགས་ཆེ་རུ་ཕྱིན་འདུག་ཅེས་བཤད། རྒྱ་གར་གྱི་མ་ཎི་པལ་སློབ་གྲྭ་ཆེན་མོའི་ས་ཁམས་ཆབ་སྲིད་ཚན་པའི་འགན་འཛིན་གྱིས་རྒྱ་ནག་གིས་རྒྱ་གར་གཉོམ་ཆུང་ཞིག་ལ་བརྩིས་པ་དང་རྒྱ་གར་ལ་བཀའ་བཀྱོན་གཏོང་ཆོག་ཆོག་ཅིག་མེད། རྒྱ་གར་ནི་ཕྱོགས་གང་ཐད་དུ་སྟོབས་འབྱོར་གཉིས་ལྡན་གྱི་རྒྱལ་ཁབ་ཅིག་ཡིན་ཞེས་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་སྐད་ཆ་དེར་དགག་པ་བརྒྱབ་འདུག

XS
SM
MD
LG