ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

མེ་མདའ་བཀག་སྡོམ་དང་ཕྱི་མི་གཞིས་ཆགས་པ།


༄༅།། ཨ་མི་རི་ཀའི་ཊེཀ་སེ་སི་མངའ་སྡེའི་ཨལ་ཕ་སོ་གྲོང་ཁྱེར་དང་ཨོ་ཧ་ཡེ་འོ་མངའ་སྡེའི་ཌེ་ཌན་གྲོང་ཁྱེར་གཉིས་སུ་མི་རིགས་དཀར་པོ་མཆོག་འཛིན་པ་ཞིག་དང་མི་གཞན་པ་ཞིག་གིས་མེ་མདའ་བརྒྱབ་ནས་ཁྱོན་བསྡོམས་མི་༢༩་བསད་པ་དང་མི་མང་པོ་ཞིག་ལ་རྨས་སྐྱོན་ཕོག གཟའ་མཇུག་འདིར་ཨ་མི་རི་ཀའི་ཨལ་ཕ་སོ་དང་ཌེ་ཌན་གྲོང་ཁྱེར་གཉིས་སུ་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་བྱུང་བ་མི་རིགས་དཀར་པོ་མཆོག་འཛིན་དང་ཕྱི་མི་གཞིས་ཆགས་པར་སྡང་ཟུག ལྷག་པར་དུ་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཁག་ནས་ཨ་མི་རི་ཀར་གཏན་སྡོད་གཞིས་ཆགས་སུ་ཡོང་གི་ཡོད་པའི་ལཱ་ཊིན་བ་རྣམས་ཆེད་དུ་དམིགས་འབེན་ལ་བཟུང་ནས་གཏོར་རྒོལ་བྱས་པ་ཞིག་ཡིན་མོད། འོན་ཀྱང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀའི་མེ་མདའ་ཉོ་མཁན་ཚོའི་རྒྱབ་ལྗོངས་ལ་ཞིབ་འཇུག་བྱ་རྒྱུ་དང་ཁྲིམས་འགལ་གྱི་ཕྱི་མི་གཞིས་ཆགས་པ་རྣམས་བཀག་སྡོམ་བྱ་དགོས་པ་གཉིས་མཉམ་དུ་ལག་ལེན་བསྟར་དགོས་ཞེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། དེང་སྐབས་ཨ་མི་རི་ཀར་མི་རིགས་དཀར་པོ་མཆོག་འཛིན་གྱི་ལྟ་སྤྱོད་འཛིན་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་ཨ་མི་རི་ཀར་མི་རིགས་དཀར་པོའི་འཇིགས་སྐུལ་རིང་ལུགས་པའི་ཉེན་ཀ་ཆེ་རུ་འགྲོ་བཞིན་པའི་ཛ་དྲག་གི་རྣམ་པ་ཆུང་དུ་བཏང་ཞིང་། ཨ་མི་རི་ཀའི་མེ་མདའི་ཚོགས་པ་དང་རྩ་ཁྲིམས་བསྐྱར་བཅོས་ཀྱི་དོན་ཚན་༢་པ་སྲུང་སྐྱོབ་པ་ཚོས་གནོན་ཤུགས་སྤྲོད་ཀྱི་ཡོད་པས་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀར་མེ་མདའ་ཉོ་ཚོང་བྱེད་ཀྱི་ཡོད་པར་བཀག་སྡོམ་ནན་པོ་བྱ་དགོས་པའི་གྲོས་མོལ་བྱ་འདོད་ཡོད་ཅེས་བཤད་པའི་སྐད་ཆ་དེར་འགྱུར་བ་ཐེབས། ད་ལོའི་ཕྱི་ཟླ་གཉིས་པར་ཨ་རིའི་གྲོས་ཚོགས་འོག་མར་མེ་མདའ་ཉོ་མཁན་རྣམས་ཀྱི་རྒྱབ་ལྗོངས་ལ་ཞིབ་འཇུག་བྱ་དགོས་ཞེས་གྲོས་ཆོད་བཞག་ཀྱང་ཨ་རིའི་གྲོས་ཚོགས་གོང་མས་གྲོས་ཚོགས་འོག་མའི་གྲོས་ཆོད་དེར་གྲོས་བསྡུར་བྱ་འཆར་མེད་པ་རེད།

ཕྱི་ཟླ་༨་ཚེས་༥་ཉིན་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨལ་ཕ་སོ་དང་ཌེ་ཌན་གྲོང་ཁྱེར་གཉིས་སུ་གཏོར་རྒོལ་བྱུང་བར་ཨ་རིའི་རྒྱལ་ཡོངས་སུ་བརྙན་འཕྲིན་ཐོག་ཏུ་གཏམ་བཤད་ཀྱིས་སྲོག་སྐྱོན་བྱུང་བའི་འདས་པོ་རྣམས་ཀྱི་ཤུལ་ལུས་ཚོར་སེམས་གསོ་དང་ཨ་མི་རི་ཀ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱ་དགོས། ཨ་མི་རི་ཀས་ངེས་པར་དུ་མི་རིགས་དཀར་པོ་མཆོག་འཛིན་རིང་ལུགས་ལ་འཐབ་རྒོལ་བྱ་དགོས། མི་རིགས་སྡང་ཟུག་གི་ཀུན་སློང་འཆང་ནས་མི་གསོད་ཁྲག་སྦྱོར་གྱི་ལས་འགུལ་སྤེལ་མཁན་ཚོར་སྲོག་ཁྲིམས་གཅོད་དགོས་པའི་གྲོས་གཞི་འདོན་རྒྱུ་ཡིན། ཨ་མི་རི་ཀའི་ཕྲུ་གུ་ཚོར་བརྙན་འཕྲིན་གྱི་དྲག་སྤྱོད་རྩེད་མོའི་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད་པ་འགོག་དགོས། མེ་མདའ་བརྒྱབ་ནས་དམར་གསོད་བྱེད་མཁན་རྣམས་སྨྱོན་པ་རེད་ཅེས་གཏམ་བཤད་བྱས་ཀྱང་མེ་མདའ་ཉོ་ཚོང་བཀག་སྡོམ་བྱ་དགོས་ཞེས་སྐད་ཆ་ཚིག་གཅིག་བཤད་ཕོད་མེད་ཅིང་། སྲིད་འཛིན་སྔོན་མ་ཨོ་བྷ་མའི་དུས་སུ་ཨ་མི་རི་ཀར་མེ་མདའ་ཉོ་མཁན་གྱི་རྒྱལ་ལྗོངས་ལ་ཞིབ་འཇུག་བྱ་དགོས་པའི་ཁྲིམས་ཤིག་གཏན་འབེབས་བྱས་ཡོད་པ་སྲིད་འཛིན་ཌོ་ནལ་ཊམ་གྱི་དུས་སུ་མེད་པར་བཏང་ཡོད་པས་ཨ་མི་རི་ཀར་མི་གསོད་ཁྲག་སྦྱོར་དང་ཕྱི་མི་གཞིས་ཆགས་པར་སྡང་ཟུག མི་རིགས་དཀར་པོ་མཆོག་འཛིན་གྱི་ལྟ་བ་འཛིན་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།

སྲིད་འཛིན་ཌོ་ནལ་ཊམ་གྱིས་གཟའ་མཇུག་དེར་མི་གསོད་ཁྲག་སྦྱོར་བྱུང་བའི་རྒྱུ་རྐྱེན་གཞན་ཞིག་ཨ་རིའི་གསར་འགྱུར་ལས་ཁང་ཁག་ལ་ལན་ཁག་ཡོད། ཨ་རིའི་གསར་འགྱུར་ལས་ཁང་ཁག་གིས་གསར་འགྱུར་དྲང་པོ་སྤེལ་གྱི་མེད་པ་དང་ཨ་མི་རི་ཀ་ཁྲིམས་འགལ་གྱི་ཕྱི་མི་གཞིས་ཆགས་པའི་ཚང་ཞིག་ལ་གྱུར་ཡོད་པས་གཏོར་རྒོལ་འདི་ཚོ་བྱུང་བ་རེད་ཅེས་བཤད། ཨལ་ཕ་སོ་གྲོང་ཁྱེར་དུ་མི་མདའ་རྒྱག་མཁན་ཕེ་ཊི་རིཀ་ཁུ་རུ་སེ་སི་ཞེས་པ་ཞིག་ཡིན་ཞིང་། ཁོ་པས་མེ་མདའ་བརྒྱབ་ནས་མི་༢༠་མ་བསད་སྔོན་དེར་དྲྭ་ལམ་དུ་སྤྱི་བསྒྲགས་ཤོག་གྲངས་བཞི་སྤེལ་ཏེ་ཊེཀ་སེ་སི་མངའ་སྡེར་ལཱ་ཊིན་བ་རྣམས་ཇེ་མང་དུ་འགྲོ་བཞིན་ཡོད་པས་མངའ་སྡེ་དེ་དམངས་གཙོ་ཚོགས་པའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཤིག་ལ་འགྱུར་རྒྱུའི་ཉེན་ཀ་འདུག ཨ་རིའི་སྤྱི་མཐུན་ཚོགས་པའང་ཡག་པོ་ཞིག་མ་རེད། སྤྱི་མཐུན་ཚོགས་པ་བཟོ་ཚོང་ལས་ཁང་ཁག་གི་ལག་ཏུ་ཡོད་པས་བཟོ་ཚོང་ལས་ཁང་ཁག་གིས་ཨ་མི་རི་ཀར་ཕྱི་མི་གཞིས་ཆགས་པ་ལེན་རྒྱུ་མང་དུ་གཏོང་གི་འདུག ཨ་རིའི་ཊེཀ་སེ་སི་མངའ་སྡེར་མེཀ་སི་ཀོ་སོགས་ནས་ཡོང་བའི་ཁྲིམས་འགལ་གྱི་ཕྱི་མི་གཞིས་ཆགས་པ་ཚོས་བཙན་འཛུལ་བྱེད་ཀྱི་འདུག ཨ་མི་རི་ཀ་མི་རིགས་དཀར་པོས་བཙུགས་པའི་རྒྱལ་ཁབ་ཅིག་ཡིན་པས་མི་རིགས་དཀར་པོ་གྲངས་མང་གི་རྒྱལ་ཁབ་ཅིག་གི་ངོ་བོའི་ཐོག་ཏུ་གནས་དགོས། སྲིད་འཛིན་ཌོ་ནལ་ཊམ་གྱིས་སྲིད་དབང་མ་བཟུང་བའི་སྔོན་གྱི་ལོ་མང་གོང་ནས་ང་ལ་ལྟ་བ་འདི་འདྲ་ཞིག་ཡོད་ཅེས་ཡིག་ཆ་བཀྲམ་འདུག

ཨ་རིའི་ཨལ་ཕོ་སོ་གྲོང་ཁྱེར་དུ་གཏོར་རྒོལ་བྱུང་བའི་རྗེས་སུ་ཨོ་ཧ་ཡེ་འོ་མངའ་སྡེའི་ཌེ་ཌན་གྲོང་ཁྱེར་དུ་ལོ་ན་༢༤་ལ་སོན་པའི་ཕོ་གསར་ཞིག་གིས་མེ་མདའ་བརྒྱབ་ནས་མི་༩་བསད་པ་དང་སྐྱེ་བོ་མང་པོ་ཞིག་རྨས། ཨ་རིའི་ཉེན་རྟོག་པས་རྒོལ་ལན་སློག་ནས་མི་གསོད་ལག་དམར་བའང་བསད་ཀྱང་མི་དེ་སུ་ཡིན་མིན་དང་མེ་མདའ་བརྒྱབ་ནས་མི་གསོད་དགོས་པའི་ཀུན་སློང་ཅི་ཡིན་སོགས་ཉེན་རྟོག་པས་ཕྱིར་བསྒྲགས་བྱས་མེད་ཅིང་། ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོས་སི་ཨེན་ཨེན་བརྙན་འཕྲིན་ལས་ཁང་ལ་བཤད་པ་ལྟར་ན་མི་དེས་ཡི་གེ་བྲིས་ཡོད་པ་དེར་མི་རིགས་དཀར་པོ་མཆོག་འཛིན་དང་ཆབ་སྲིད་ཀྱི་ཀུན་སློང་བཅངས་ནས་མི་བསད་པ་ཡིན་པའི་རྟགས་མཚན་མི་འདུག་ཅེས་བཤད། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀར་མི་རིགས་དབྱེ་འབྱེད་ཀྱི་ལྟ་བ་ཞིག་བཟུང་ནས་འོས་འདེམས་ལས་འགུལ་སྤེལ་གྱི་ཡོད་པ་སྟེ། ཐོག་མར་ཨ་རིའི་སྲིད་འཛིན་ཨོ་བྷ་མ་ཨ་མི་རི་ཀའི་ས་ཐོག་ཏུ་སྐྱེས་ཡོད་མེད་ལ་དོགས་སློང་བྱས་པར་མ་ཟད། ༢༠༡༦་ལོར་མེཀ་སི་ཀོ་ནས་ཡོང་བའི་ཕྱི་མི་གཞིས་ཆགས་པ་རྣམས་བཙན་གཡེམ་བྱེད་མཁན་དང་ཁྲིམས་འགལ་ཉེས་ཅན་པ་རེད། ཨ་མི་རི་ཀར་འཛམ་གླིང་ཡུལ་གྲུ་ཁག་ནས་ཁ་ཆེ་རྣམས་ཡོང་དུ་འཇུག་རྒྱུ་མིན་ཞེས་འོས་འདེམས་ལས་འགུལ་མགོ་བརྩམས། ༢༠༡༧་ལོར་ཨ་རིའི་ཤཱར་ལེ་སི་ཝྭིལ་གྲོང་ཁྱེར་དུ་མི་རིགས་དཀར་པོ་མཆོག་འཛིན་གྱི་ལས་འགུལ་སྤེལ་ནས་མི་ཞིག་བསད་ཀྱང་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཕྱོགས་གཉིས་ཀར་སྐྱོན་བརྗོད་བྱས་པ་ལས་མི་རིགས་དཀར་པོ་མཆོག་འཛིན་པ་ཚོར་ཁ་རྡུང་བཏང་མེད་པ་རེད།

ཟླ་བ་སྔོན་མར་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་བཞི་ལ་རང་རང་གི་ཕ་མེས་ཀྱི་རྒྱལ་ཁབ་དེ་ཚོར་ཕྱིར་ལོག་བྱ་དགོས་ཞེས་སྐྱོན་བརྗོད་བྱས་ཤིང་། གཟའ་མཇུག་འདིའི་གཏོར་རྒོལ་རྗེས་སུ་ཉམས་ཞིབ་པ་མང་པོ་ཞིག་གིས་སྲིད་འཛིན་ཌོ་ནལ་ཊམ་གྱིས་མེ་མདའ་བཀག་སྡོམ་བྱ་དགོས་པའི་གཏམ་བཤད་ནན་པོ་ཞིག་བྱ་སྲིད་པའི་ཚོད་དཔག་བྱས་ཀྱང་དེ་ལྟར་བྱུང་མེད། སྲིད་འཛིན་ཌོ་ནལ་ཊམ་ལ་འོས་ཤོག་འཕངས་ནས་རྒྱབ་སྐྱོར་བྱེད་མཁན་མང་ཆེ་བ་ནི་ཨ་མི་རི་ཀའི་ཞིང་འབྲོག་ས་ཁུལ་དང་གྲོང་གསེབ་ཁག་གི་མི་རིགས་དཀར་པོ་དང་མེ་མདའ་ཉར་འཛིན་གྱི་ཐོབ་ཐང་རྩ་འཛིན་པ། ཕྱི་མི་གཞིས་ཆགས་པ་ཚོར་སྡང་ཟུག་བྱེད་མཁན་རྣམས་ཡིན་པས་སྲིད་འཛིན་ཌོ་ནལ་ཊམ་གྱིས་ལོ་རྗེས་མའི་སྲིད་འཛིན་འོས་འདེམས་ལ་དམིགས་ནས་མེ་མདའ་ཉོ་ཚོང་ལ་བཀག་སྡོམ་ནན་པོ་ཞིག་ནམ་ཡང་བྱ་མི་སྲིད་ཅེས་གླེང་། ལོ་རྗེས་མའི་སྲིད་འཛིན་འོས་འདེམས་ལ་འགན་ཞུགས་བྱེད་མཁན་དམངས་གཙོ་ཚོགས་པའི་འོས་མི་ཕལ་ཆེ་བས་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཕྱི་མི་གཞིས་ཆགས་ཀྱི་གནད་དོན་དང་མེ་མདའ་བརྒྱབ་ནས་མི་གསོད་ཀྱི་ཡོད་པ་གཉིས་འབྲེལ་བ་མཐུད་པ་ཁྱད་མཚར་ཞིག་རེད། ཨ་མི་རི་ཀར་མེ་མདའ་བརྒྱབ་ནས་མི་གསོད་ཀྱི་ཡོད་པ་དེ་མེ་མདའ་ཉོ་ཚོང་ལ་བཀག་སྡོམ་བྱེད་ཐུབ་ཀྱི་མེད་པའི་རྐྱེན་གྱིས་རེད་ཅེས་དགག་པ་རྒྱག་གི་ཡོད་པ་རེད།།

XS
SM
MD
LG