ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཀ་ཤི་མིར་གྱི་དམིགས་བསལ་གནས་བབ་ཕྱིར་བསྡུ་བྱ་འཆར།


༄༅།། རྒྱ་གར་གཞུང་གིས་ཀ་ཤི་མིར་ལ་དམིགས་བསལ་གྱི་གནས་བབ་ཅིག་སྤྲད་ཡོད་པ་ཕྱིར་བསྡུ་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད་པ་སྟེ། ཕྱི་ཟླ་༨་ཚེས་༥་ཉིན་ནང་སྲིད་བློན་ཆེན་ཨ་མཱི་ཏ་ཤཱ་ཡིས་རྒྱ་གར་གྱི་རྩ་ཁྲིམས་སུ་འཁོད་པའི་དོན་ཚན་༣༧༠་པ་ཕྱིར་བསྡུ་བྱ་རྒྱུ་ཡིན་ཞེས་གྲོས་ཚོགས་གོང་མར་སྙན་སེང་ཞུས་པར་ཕྱོགས་འགལ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་ངོ་རྒོལ་དྲག་པོ་བྱས་འདུག རྒྱ་གར་གྱི་ཕྱོགས་འགལ་ཀོང་རེ་སི་ཚོགས་པའི་གྲོས་ཚོགས་འཐུས་མི་གྷུ་ལམ་ན་བྷི་ཨ་ཛ་ཐེ་ཞེས་པ་ཞིག་གིས་རྒྱ་གར་གྱི་གཞུང་འཛིན་བྷི་ཇེ་པི་སྲིད་དོན་ཚོགས་པས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་རྡོག་བརྫིས་བཏང་སོང་ཞེས་ངོ་རྒོལ་བྱས་ཏེ། ཀ་ཤི་མིར་མི་དམངས་ཀྱིས་རྒྱ་གར་གཞུང་གིས་ཁྱབ་བསྒྲགས་དེར་ངོ་རྒོལ་བྱ་རྒྱུ་སྲིད་པ་འགོག་ཐབས་སུ་མངའ་སྡེ་དེར་དམག་དཔུང་ཁ་སྣོན་བཏང་ནས་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ཉེན་སྐྱོབ་དང་སློབ་གྲྭ་ཁག་སྒོ་བརྒྱབ་པ། ཀ་ཤི་མིར་མངའ་སྡེ་ཡོངས་ལ་དྲྭ་རྒྱའི་འབྲེལ་བ་བཅད་པའི་གནས་ཚུལ་ཐོན་འདུག

༡༩༤༧་ལོར་རྒྱ་གར་ལ་དབྱིན་ཇིའི་དབང་སྒྱུར་འོག་ནས་རང་བཙན་ཐོབ་ནས་བཟུང་སྟེ་རྒྱ་གར་གྱི་མངའ་སྡེ་གཞན་ཁག་དང་མ་འདྲ་བར་ཀ་ཤི་མིར་ལ་དམིགས་བསལ་གྱི་གནས་བབ་ཅིག་སྤྲད་ཡོད་ཅིང་། དེ་རིང་གཟའ་ཟླ་བའི་ཉིན་རྒྱ་གར་གཞུང་གིས་ཀ་ཤི་མིར་གྱི་དམིགས་བསལ་གནས་བབ་ཕྱིར་བསྡུ་བྱ་རྒྱུའི་ཐག་གཅོད་བྱས་པ་ནི་མངའ་སྡེ་དེའི་རང་སྐྱོང་གི་ཐོབ་ཐང་ལ་བརྩི་མེད་བཏང་བ་ཞིག་མཚོན་ཐུབ། ད་ལོའི་རྒྱ་གར་གྱི་སྤྱི་ཡོངས་འོས་འདེམས་དུས་སུ་སྲིད་བློན་མོ་དྷིས་འགོ་ཁྲིད་པའི་ཧིན་རྡུ་མི་རིགས་རིང་ལུགས་ཀྱི་སྲིད་དོན་ཚོགས་པ་དེར་རྒྱལ་ཁ་ཐོབ་ཚེ། ཁོ་ཚོས་རྒྱ་གར་གྱི་རྩ་ཁྲིམས་སུ་ཀ་ཤི་མིར་ལ་དམིགས་བསལ་གྱི་ཐོབ་ཐང་ཡོད་པ་ཕྱིར་བསྡུ་བྱ་རྒྱུ་ཡིན་ཞེས་བསྒྲགས། ༢༠༡༩་ལོའི་སྤྱི་ཡོངས་འོས་འདེམས་སྐབས་སུ་སྲིད་བློན་མོ་དྷིའི་གཞུང་འཛིན་ཚོགས་པར་སླར་ཡང་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་ཁ་ཐོབ་ཡོད་པས་འོས་འདེམས་ཀྱི་ཁས་ལེན་དམ་བཅའ་རྣམས་ལག་ལེན་བསྟར་འགོ་ཚུགས་ཤིང་། རྒྱ་གར་གཞུང་གིས་ཀ་ཤི་མིར་ཞེས་འབོད་པའི་མངའ་སྡེ་འདི་འཇའ་མུ་དང་ཀ་ཤི་མིར། ལ་དྭགས་བཅས་མངའ་སྡེ་གསར་པ་ཁག་གསུམ་ལ་བགོ་བཤའ་རྒྱག་རྒྱུ། འཇའ་མུ་དང་ཀ་ཤི་མིར་གཉིས་ལ་མངའ་སྡེ་གྲོས་ཚོགས་ཡོད་པ་དང་ལ་དྭགས་ལ་མངའ་སྡེ་གྲོས་ཚོགས་མེད་པའི་གྲོས་གཞི་ཞིག་རྒྱལ་ཡོངས་གྲོས་ཚོགས་ལ་འབུལ་འཆར་ཡོད། རྒྱ་གར་གཞུང་གིས་འཆར་གཞི་འདིར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་བཤད་འདུག

ནང་སྲིད་བློན་ཆེན་ཤཱ་ཡིས་རྒྱ་གར་གཞུང་ལ་ཀ་ཤི་མིར་གྱི་དམིགས་བསལ་གནས་བབ་ཕྱིར་བསྡུ་བྱེད་ཆོག་པའི་དབང་ཚད་ཡོད་ཅེས་བཤད། འོན་ཀྱང་ཉམས་ཞིབ་པ་ཁག་ཅིག་གིས་སྲིད་གཞུང་ལ་དེ་ལྟར་བྱེད་ཆོག་པའི་དབང་ཚད་ཡོད་མེད་གསལ་པོ་མེད་པས་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་ལ་ཁྲིམས་གཏུགས་བྱས་ནས་མཆུ་རྒྱག་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། གཟའ་ཟླ་བའི་ཞོགས་པར་ནམ་ལངས་དུས་ཀ་ཤི་མིར་གྱི་སྲོང་ལམ་ཁག་སྟོང་པར་གྱུར་ཏེ་མི་རྣམས་རང་ཁྱིམ་དུ་འཛུལ་ནས་ཕྱི་ལ་བུད་ཕོད་ཀྱི་མེད་པ། ཀ་ཤི་མིར་གྱི་མི་མང་་ལ་ཅི་ཞིག་འབྱུང་རྒྱུ་ཡིན་མིན་ངེས་གཏན་མེད་པར་སྐྲག་སྣང་གི་ཀློང་དུ་ལུས་འདུག་ཅེས་ཀ་ཤི་མིར་སོགས་ན་གཉེན་ཚན་ཡོད་པའི་རྒྱ་གར་བ་ཚོས་ཕན་ཚུན་ཁ་པར་ཐོག་ཏུ་གནས་ཚུལ་བརྒྱུད་བསྒྲགས་བྱེད་ཀྱི་ཡོད་པར་མ་ཟད། ཀ་ཤི་མིར་བ་ཕལ་མོ་ཆེས་སྲིད་བློན་མོ་དྷིའི་གཞུང་གིས་ཀ་ཤི་མིར་གྱི་རང་སྐྱོང་ཐོབ་ཐང་ཕྱིར་བསྡུ་བྱས་ནས་མངའ་སྡེ་དེ་རྒྱ་གར་དབུས་གཞུང་གིས་འཛིན་སྐྱོང་ས་ཁུལ་ཞིག་ཏུ་བསྒྱུར་སྲིད། ཀ་ཤི་མིར་ཐད་ཀར་ལྡི་ལི་གསར་པའི་དབང་སྒྱུར་འོག་ཏུ་ཚུད་རྒྱུའི་བློ་འཚབ་བྱེད་ཀྱི་ཡོད་པ་རེད།

ཀ་ཤི་མིར་གྱི་ཁ་བྲལ་རིང་ལུགས་པ་ཚོ་མངའ་སྡེ་དེ་རང་བཙན་བྱེད་པའམ། ཡང་ན་པ་ཀི་སི་ཐན་ལ་གཅིག་གྱུར་བྱ་དགོས་ཞེས་ལོ་མང་རིང་དྲག་པོས་འཐབ་རྒོལ་གྱི་ལས་སུ་ཞུགས། ཉམས་ཞིབ་པ་ཚོས་རྒྱ་གར་གཞུང་གིས་ཀ་ཤི་མིར་གྱི་རང་སྐྱོང་གི་ཐོབ་ཐང་ལ་དོ་ཕོག་བཏང་ན་དྲག་ཟིང་ལང་རྒྱུ་སྔར་ལས་ཇེ་སྡུག་ཏུ་འགྲོ་སྲིད་ཅེས་ཉེན་བརྡ་བཏང་འདུག ཀ་ཤི་མིར་གྱི་སྤྱི་ཁྱབ་བློན་ཆེན་ཟུར་པ་མུབ་ཏིས་ང་ཚོའི་ཐུན་མོང་མ་ཡིན་པའི་ངོ་བོ་ནག་སུབ་བཏང་ན་ཟིང་ཆ་ཆེན་པོ་ཞིག་ལང་རྒྱུ་ཉག་ཅིག་ཡིན། ང་ཚོར་རྒྱ་གར་གྱི་རྩ་ཁྲིམས་སུ་ཁས་ལེན་བྱས་ཡོད་པའི་རང་སྐྱོང་གི་ཐོབ་ཐང་ཞིག་ཡོད་པ་འཕྲོག་རྩིས་བྱེད་ཀྱི་ཡོད་པས་ང་ཚོ་གང་ལ་ཐུག་དགོས་ཀྱང་འཛེམ་ཟོན་མེད། ཀ་ཤི་མིར་གྱི་སྲིད་བློན་ཚོགས་པ་ཁག་གིས་ས་གནས་འདིའི་རང་སྐྱོང་གི་ཐོབ་ཐང་ལ་སྲུང་སྐྱོབ་བྱ་རྒྱུ་དེར་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཡིན་ཞེས་གསར་འགོད་པར་གླེང་མོལ་བྱས་པ་དང་། གཟའ་ཟླ་བའི་ཉིན་རྒྱ་གར་གཞུང་གིས་ཀ་ཤི་མིར་གྱི་སྲིད་དོན་ཚོགས་པ་ཁག་གི་གནད་ཡོད་འགོ་ཁྲིད་ཨོ་མར་ཨབ་རྡུ་ལ་དང་མཱེ་བྷུ་བྷ་མུབ་ཏི་སོགས་རང་ཁྱིམ་ནས་ཕྱི་ལ་བསྐྱོད་མི་ཆོག་པའི་འགྲིམ་འགྲུལ་བཀག ཉི་མ་འགའ་ཞིག་གིས་སྔོན་ནས་རྒྱ་གར་གཞུང་གིས་ཀ་ཤི་མིར་གྱི་ཉེན་རྟོག་པ་དང་དམག་ལ་སྐུད་མེད་ཁ་པར་བཀྲམ་སྟེ་འབྲེལ་མཐུད་ལ་དཀའ་ངལ་མེད་པར་བཏང་བ་ཞིང་། མདང་དགོང་མཚན་དཀྱིལ་ནས་རྒྱ་གར་གཞུང་གིས་ཀ་སི་མིར་གྱི་ས་གནས་ཡོངས་སུ་ཁ་པར་གྱི་འབྲེལ་མཐུད་བཀག་འདུག

རྒྱ་གར་ལ་རང་བཙན་ཐོབ་པའི་རྗེས་སུ་ཀ་ཤི་མིར་རྒྱ་གར་གྱི་མངའ་ཁོངས་སུ་རྒྱལ་ཕྲན་ཞིག་གི་ངོ་བོར་གནས་ཐབས་བྱས་ཀྱང་པ་ཀི་སི་ཐན་ནས་ཁ་ཆེ་དྲག་སྤྱོད་པ་ཚོས་བཙན་འཛུལ་བྱས་ནས་ཟིང་འཁྲུག་བསླང་རྒྱུ་མགོ་བརྩམས། རྒྱ་གར་གྱིས་ཀ་ཤི་མིར་ལ་སྲུང་སྐྱོབ་བྱས་ནས་རྒྱ་གར་དང་པ་ཀི་སི་ཐན་གཉིས་ཀྱིས་དམག་འཁྲུག་འགའ་ཞིག་བརྒྱབ། ཀ་ཤི་མིར་གྱི་མངའ་ཁོངས་མང་ཆེ་བ་རྒྱ་གར་གྱི་དབང་སྒྱུར་འོག་ཏུ་ཡོད་ཀྱང་ཀ་ཤི་མིར་གྱི་གསུམ་ཆའི་གཅིག་ཡས་མས་ཤིག་པ་ཀི་སི་ཐན་གྱི་དབང་སྒྱུར་འོག་ཏུ་ཚུད། ད་ལོའི་ཕྱི་ཟླ་༢་པར་ཀ་ཤི་མིར་གྱི་ས་ཐོག་ཏུ་རྒྱ་གར་གྱི་དྲག་ཆས་ཉེན་རྟོག་པར་རྒོལ་རྡུང་བྱས་ནས་མི་༤༠་ལྷག་ལ་སྲོག་སྐྱོན་ཕོག པ་ཀི་སི་ཐན་གྱི་ས་ཐོག་ཏུ་གཞིས་ཚུགས་ཡོད་པའི་ཇཱེ་ཤི་མོ་ཧ་མེཏ་འཇིགས་སྐུལ་ཚོགས་པས་གཏོང་རྒོལ་དེའི་ལན་ཁག་ངོས་ལེན་བྱས་པས་རྒྱ་གར་དང་པ་ཀི་སི་ཐན་གཉིས་ཀྱིས་སླར་ཡང་དམག་འཁྲུག་ཆེན་པོ་ཞིག་རྒྱག་སྲིད་པའི་ཉེན་ཀ་བྱུང་། སྔ་ལོ་ནས་རྒྱ་གར་གཞུང་གིས་ཀ་ཤི་མིར་གྱི་ཁ་བྲལ་རིང་ལུགས་པ་ཚོར་གནོན་སྡོམ་བྱ་རྒྱུ་ཤུགས་ཆེ་རུ་བཏང་སྟེ་ས་གནས་དེའི་མི་དམངས་དཀྱུས་མ་རྣམས་ཀྱང་ཁ་བྲལ་རིང་ལུགས་པའི་ཕྱོགས་སུ་རྫོང་གི་ཡོད་པའི་གནས་ཚུལ་ཐོན། བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་རྒྱ་གར་གྱི་དམག་གིས་པ་ཀི་སི་ཐན་གྱི་ས་ཐོག་ཏུ་གཞིས་ཚུགས་ཡོད་པའི་འཇིགས་སྐུལ་རིང་ལུགས་པ་ཚོས་ཀ་སི་མིར་ལ་གནས་སྐོར་དུ་སྐྱོད་མཁན་ཧིན་རྡུ་ཆོས་དད་པ་ཚོར་གཏོར་རྒོལ་བྱ་རྒྱུའི་ཇོས་གཤོམ་བྱེད་ཀྱི་ཡོད་པ་རྩད་གཅོད་གསལ་པོ་བྱུང་ཡོད་ཅེས་བསྒྲགས།

ད་སྔ་ཨ་མི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག མཉམ་འབྲེལ་རྒྱལ་ཚོགས་སོགས་ཀྱིས་རྒྱ་གར་གཞུང་གིས་ཐག་གཅོད་འདིར་བཟང་ངན་གྱི་འགྲེལ་བཤད་གང་ཡང་རྒྱག་གི་མེད་ཀྱང་པ་ཀི་སི་ཐན་གྱི་སྲིད་བློན་ཨིམ་རན་ཁན་གྱིས་ལྷོ་ཨེ་ཤི་ཡའི་ཞི་བདེའི་འབྱུང་རྩ་ནི་ཀ་ཤི་མིར་ཡིན། ཉེ་ཆར་ཕོ་བྲང་དཀར་པོར་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཀ་ཤི་མིར་གྱི་གནད་དོན་ཐོག་ཏུ་རྒྱ་གར་དང་པ་ཀི་སི་ཐན་གཉིས་ལ་བར་འདུམ་བྱེད་ཆོག་ཅེས་ཁས་ལེན་བྱས་སོང་། ད་ལྟ་སྲིད་འཛིན་ཌོ་ནལ་ཊམ་གྱིས་བར་འབུམ་བྱ་དགོས་པའི་དུས་ལ་བབས་འདུག པ་ཀི་སི་ཐན་དང་རྒྱ་གར་གྱི་དབང་སྒྱུར་ས་མཚམས་ཁག་དང་ཀ་ཤི་མིར་ལ་ཞི་བདེ་བརྟན་ལྷིང་མེད་པའི་གནས་སྟངས་ཇེ་སྡུག་དང་ཇེ་སྡུག་ཡིན་ཞིང་། རྒྱ་གར་གྱིས་བཙན་དྲག་བསྐུལ་རྒྱུའང་སྔར་ལས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པས་ཀ་ཤི་མིར་ལ་ཟིང་འཁྲུག་གི་ཛ་དྲག་ཅིག་འབྱུང་སྲིད་པའི་ཉེན་ཀ་ཆེན་པོ་འདུག་ཅེས་ཊོས་ཊར་དྲྭ་ལམ་འཕྲིན་ཐུང་ཞིག་སྤེལ། ཉེ་དུས་འཇར་མན་ཎི་གཙོ་བོར་གྱུར་པའི་ཡུ་རོབ་རྒྱལ་ཁབ་ཁག་ཅིག་གིས་ཀ་ཤིར་མིར་ཡུལ་སྐོར་སྤྲོ་འཆམ་པ་བསྐྱོད་ཡུལ་ཉེན་ཀ་ཅན་དེ་དག་གི་ཐོ་གཞུང་ནས་ཕྱིར་འཐེན་བྱས་ཀྱང་ད་ལྟ་སླར་ཡང་ཀ་ཤི་མིར་ཛ་དྲག་དང་ཉེན་ཀ་ཅན་གྱི་ས་གནས་ཤིག་ཏུ་གྱུར་ཡོད་པ་རེད།།

XS
SM
MD
LG