ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཧོང་ཀོང་གི་ངོ་རྒོལ་ལས་འགུལ་གཞི་རྒྱ་ཇེ་ཆེ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ད་ལོའི་སྤྱི་ཟླ་༦་པའི་ཚེས་༩་ནས་འགོ་བཙུགས་ཏེ་ཧོང་ཀོང་མི་མང་ས་ཡ་མང་པོ་མཉམ་ཞུགས་ཀྱིས་ཧོང་ཀོང་སྲིད་གཞུང་གིས་དོགས་ཅན་པ་རྣམས་རྒྱ་ནག་ལ་རྩིས་སྤྲོད་ཀྱི་ཁྲིམས་གཞི་ཞིག་གཏན་འབེབས་བྱ་དགོས་ཟེར་པ་དེར་ངོ་རྒོལ་གྱི་ལས་འགུལ་རབ་དང་རིམ་པ་ཞིག་སྤེལ། ཉེ་དུས་ནས་ཧོང་ཀོང་ས་གཞུང་གི་ལས་བྱེད་པ་ཁག་ཅིག་ཀྱང་ངོ་རྒོལ་ལས་འགུལ་ཁག་ལ་མཉམ་ཞུགས་ཀྱིས་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་བྱེད་བཞིན་པའི་གནས་ཚུལ་ཐོན་འདུག

ཉེ་སྔོན་སྤྱི་ཟླ་༧་པའི་ཚེས་༢༥་ཉིན་ཧོང་ཀོང་གཞུང་གི་འཛིན་སྐྱོང་ལས་ཁུངས་ཁག་གི་འགན་འཛིན་མི་སྣ་༤༠༠་དང་གཞུང་ཞབས་མི་སྣ་༣༠༠་ལྷག་གིས་ཡོངས་ཁྱབ་གསལ་བསྒྲགས་གཉིས་སྤེལ་ནས་དོགས་ཅན་པ་རྣམས་རྩིས་སྤྲོད་ཀྱི་ཁྲིམས་གཞི་དེ་ཉིད་ཡོངས་སུ་ཕྱིར་འཐེན་བྱ་དགོས། རང་བཙན་གྱི་ཚོགས་པ་ཞིག་གིས་ཧོང་ཀོང་གི་ཉེན་རྟོག་པས་མི་མང་ལ་དྲག་གནོན་བྱས་པར་ཞིབ་འཇུག་བྱ་དགོས་ཞེས་དགོས་འདུན་དོན་ཚན་༥་བཏོན། གལ་སྲིད་ཧོང་ཀོང་ས་གནས་གཞུང་གིས་མུ་མཐུད་དུ་མི་དམངས་ཀྱི་མངོན་འདོད་ལ་སྣང་མེད་བཏང་ན་ང་ཚོས་ལས་མཚམས་འཇོག་སྲིད་ཅེས་ཉེན་བརྡ་བཏང་ཡོད་ཅིང་། ཧོང་ཀོང་གི་གཞུང་ཞབས་པ་མང་པོ་ཞིག་གིས་དྲྭ་ལམ་དུ་གཞུང་གི་སྲིད་ཇུས་ལག་བསྟར་ཁག་འགྲིག་གི་མི་འདུག་ཅེས་ཡི་རངས་མ་བྱུང་བའི་རྣམ་འགྱུར་ཤུགས་ཆེན་བསྟན། ཕྱི་ཟླ་༨་ཚེས་༢་ཉིན་གྱི་ཕྱི་དྲོར་གཞུང་ཞབས་ཁག་ཅིག་ལས་ཀ་གྲོལ་བའི་རྗེས་སུ་གྲོང་ཁྱེར་དཀྱིལ་གྱི་སྤྱི་གླིང་དུ་འདུས་ནས་ཧོང་ཀོང་ས་གནས་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ།

ཧོང་ཀོང་གི་ལས་བྱེད་པས་ལས་མཚམས་བཞག་ནས་ངོ་རྒོལ་ཁྲོམ་སྐོར་བྱ་རྒྱུའི་གསལ་བསགྲགས་སྤེལ། ཁོ་ཚོས་ཧོང་ཀོང་ས་གནས་གཞུང་གིས་དོགས་ཅན་པ་རྣམས་རྩིས་སྤྲོད་ཀྱི་ཁྲིམས་གཞི་དེ་མཐའ་གཅིག་ཏུ་ཕྱིར་འཐེན་བྱ་དགོས་ཞེས་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་ཚད་རིམ་ཇེ་མཐོར་སོང་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། གཞུང་ཞབས་པ་ཚོས་ངོ་རྒོལ་ལས་འགུལ་སྤེལ་རྒྱུའི་འགོ་བཙུགས་པ་ནི་ཏག་ཏག་ཧོང་ཀོང་གི་འཛིན་སྐྱོང་ལ་རྒྱ་ནག་པེ་ཅིང་གཞུང་གིས་གནོན་ཤུགས་སླེབས་བཞིན་པའི་སྐབས་ཡིན། ཧོང་ཀོང་ལ་ཡང་ནས་ཡང་དུ་མི་དམངས་དང་ཉེན་རྟོག་པ་ལག་འཛིང་གདོང་ཐུག་འབྱུང་བཞིན་ཡོད་ཀྱང་རྒྱ་ནག་དབུས་གཞུང་གིས་ཧོང་ཀོང་གི་སྤྱི་ཚོགས་སྒྲིག་སྲོལ་ཁག་སྔར་ལྟར་གཏན་འཇགས་ཡོང་དུ་འཇུག་རྒྱུའི་རེ་བ་འདོན་བཞིན་པར་མ་ཟད། ཧོང་ཀོང་དུ་ཡོད་པའི་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་ངོ་རྒོལ་བ་འཛིན་བཟུང་གི་སྦྱོང་བརྡར་བྱེད་བཞིན་པའི་དྲིལ་བསྒྲགས་བརྙན་ཐུང་ཞིག་བསྟན་ནས་དྲག་གནོན་བྱ་རྒྱུའི་ཉེན་བརྡ་བཏང་འདུག

ཧོང་ཀོང་གི་ངོ་རྒོལ་ལས་འགུལ་སྤེལ་རྒྱུ་རྒྱ་ཇེ་ཆེ་དང་ཇེ་ཆེར་འགྲོ་བཞིན་པ་དང་ཚོགས་པ་ཁག་ཅིག་གིས་བདུན་ཕྲག་རྗེས་མའི་གཟའ་ཟླ་བ་སྟེ། སྤྱི་ཟླ་༨་པའི་ཚེས་༥་ནས་དུས་ཡུན་ཉིན་གསུམ་གྱི་རིང་ལ་ཧོང་ཀོང་ཡོངས་སུ་ལས་མཚམས་འཇོག་རྒྱུའི་ལས་འགུལ་སྤེལ་རྒྱུ་ཡིན་ཞེས་བསྒྲགས། ཧོང་ཀོང་གི་མཁའ་འགྲུལ་ལས་བྱེད་པ་དང་རྩིས་གཉེར་བའི་ལས་ཀ་བྱེད་མཁན་མང་པོ་ཞིག་གིས་ལས་མཚམས་འཇོག་རྒྱུའི་ལས་འགུལ་ནང་དུ་མཉམ་ཞུགས་བྱ་རྒྱུའི་རྣམ་འགྱུར་བསྟན་ཡོད་པས་ཧོང་ཀོང་ས་གནས་གཞུང་གིས་གཞུང་ཞབས་པ་ཚོས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་འཛིན་དགོས། ཧོང་ཀོང་གི་སྤྱི་ཁྱབ་དང་ཧོང་ཀོང་སྲིད་གཞུང་ལ་བློ་སེམས་དཀར་དགོས། གལ་སྲིད་ཁྲིམས་དང་སྒྲིག་སྲོལ་ལ་འགལ་ན་གཞུང་ཞབས་པར་དམིགས་བསལ་གྱིས་ཆད་པ་ནན་མོ་གཅོད་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་འདུག ཧོང་ཀོང་གི་དོགས་ཅན་རྩིས་སྤྲོད་ཀྱི་ཁྲིམས་གཞིར་འགྱུར་བ་གཏོང་དགོས་ཞེས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་མར་ཀི་རུ་བྷིའོ་གཙོས་གནད་ཡོད་གྲོས་ཚོགས་འཐུས་མི་བཞིས་སྲིད་འཛིན་ཌོ་ནལ་ཊམ་ལ་སྙན་ཞུ་ཞིག་ཕུལ། སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་དོགས་ཅན་རྩིས་སྤྲོད་ཀྱི་ཁྲིམས་གཞི་གཏན་འབེབས་བྱ་དགོས་པའི་གནོན་ཤུགས་སྤྲོད་ཀྱི་ཡོད་པར་སྐྱོན་བརྗོད་བྱ་དགོས་ཞེས་ནན་སྐུལ་བྱས་འདུག ཁྲིམས་གཞི་འདི་གཏན་འབེབས་བྱུང་ན་མ་འོངས་པར་ཧོང་ཀོང་ལ་འགྲུལ་སྐྱེད་བྱེད་མཁན་ཨ་རིའི་སྤྱི་དམངས་རྣམས་ཀྱང་འཛིན་བཟུང་བྱས་ནས་རྒྱ་ནག་ལ་རྩིས་སྤྲོད་བྱ་རྒྱུའི་ཉེན་ཁ་འདུག་ཅེས་བཤད་འདུག

XS
SM
MD
LG