ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༥/༠༢/༡༦

རྒྱ་ནག་གི་དཀའ་ངལ་དང་ཨ་རི་ལ་སྐྱོན་འཛུགས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཨ་མི་རི་ཀ་དང་རྒྱ་ནག་གི་ཚོང་དམག་མཇུག་བསྒྲིལ་མ་ཐུབ་པར་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་དལ་དུ་ཕྱིན་པ་དང་ཧོང་ཀོང་མི་དམངས་ཀྱིས་ཟླ་བ་གཉིས་ཡས་མས་ཤིག་གི་རིང་དུ་རྒྱ་ནག་གཞུང་དང་ཧོང་ཀོང་ས་གནས་གཞུང་ལ་ངོ་རྒོལ་བྱས་པས་རྒྱ་ནག་ནང་ཁུལ་དུ་ཞི་བདེ་བརྟན་ལྷིང་མེད་པའི་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱི་ཡོད་ཅིང་། ད་ལྟ་རྒྱ་ནག་རྒྱལ་ཡོངས་སུ་སྐད་གྲགས་ཡོད་པའི་བརྙན་འཕྲིན་མདོ་འཛིན་པ་ཞིག་དང་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོས་ཨ་རི་དང་རྒྱ་ནག་གི་ཚོང་ལས་ལ་འགལ་རྐྱེན་འཕྲད་ཡོད་པའི་ལན་ཁག་ཨ་མི་རི་ཀར་ཡོད། ཧོང་ཀོང་བ་ཚོས་ས་གནས་དེའི་སྲིད་གཞུང་ལ་ངོ་རྒོལ་བྱས་ནས་ཟིང་འཁྲུག་སློང་གི་ཡོད་པའི་ས་བོན་ཡང་ཨ་མི་རི་ཀས་བཏབ་པ་རེད་ཅེས་སྐྱོན་བཙུགས། རྒྱ་ནག་གཞུང་དང་ཧོང་ཀོང་ས་གནས་གཞུང་གིས་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་བཅའ་ཁྲིམས་ཤིག་གཏན་འབེབས་བྱ་ཐབས་བྱས་ནས་ངོ་རྒོལ་དེ་མགོ་བརྩམས་པ་བཤད་ཀྱི་མེད་པ་སྟེ། དཔེར་ན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧྭ་ཁྲུན་དབྱིང་གིས་ཧོང་ཀོང་དམིགས་བསལ་ས་ཁུལ་ལ་ཞི་བདེ་བརྟན་ལྷིང་མེད་པར་ཟིང་ཆ་ལང་གི་ཡོད་པའི་འབྱུང་རྩ་ཨ་མི་རི་ཀར་ཐུག་ཡོད་ཅེས་སྐྱོན་བཙུགས་ཀྱང་རྒྱ་ནག་གི་གཞུང་འབྲེལ་མི་སྣ་གཞན་ཁག་དང་འདྲ་བར་ཧྭ་ཁྲུན་དབྱིང་གིས་ཀྱང་ཨ་མི་རི་ཀས་ཧོང་ཀོང་ལ་ཟིང་འཁྲུག་སློང་གི་ཡོད་པའི་དཔང་རྟགས་གང་ཡང་བསྟན་མེད་པ་རེད།

འདི་ནི་རྒྱ་ནག་གི་འགོ་ཁྲིད་ཚོས་རྒྱལ་ནང་ལ་དཀའ་ངལ་འཕྲད་པའི་ལན་ཁག་ཕྱིའི་རྒྱལ་ཁབ་ལ་དཀྲིས་པ་ཐེངས་དང་པོ་མིན། རྒྱ་ནག་ལ་དུས་ནམ་ཞིག་ཞི་བདེ་བརྟན་ལྷིང་མེད་པའི་དཀའ་ངལ་ཞིག་འཕྲད་ན་རྒྱ་ནག་གཞུང་གིས་དཀའ་ངལ་དེའི་ལན་ཁག་ཐམས་ཅད་སྐྱེ་བོ་སྒེར་པའམ། ཡང་ན་ཕྱིའི་རྒྱལ་ཁབ་ཁག་དང་ཕྱི་ལོགས་ཀྱི་ཚོགས་སྡེ་ཁག་ལ་དཀྲི་རྒྱུ་ཆོས་ཉིད་ཅིག་ཡིན། དཔེར་ན་ལོ་སུམ་ཅུའི་གོང་དུ་རྒྱ་ནག་ལ་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལངས་པའི་དུས་སུའང་རྒྱ་ནག་གཞུང་གིས་ལས་འགུལ་དེའི་འབྱུང་རྩ་ཨ་མི་རི་ཀར་ཐུག་ཡོད་ཅེས་ལན་ཁག་དཀྲིས་མྱོང་ཡོད། འོན་ཀྱང་འདས་པའི་ལོ་བཅུ་ཕྲག་མང་པོར་རྒྱ་ནག་དང་ཨ་མི་རི་ཀ་དཔལ་འབྱོར་དང་ཚོང་ལས། འཕྲུལ་རིག་ལག་རྩལ། ཐ་ན་རྒྱ་ནག་དང་ཨ་མི་རི་ཀའི་དམག་དོན་འབྲེལ་བའང་ཡར་རྒྱས་སོང་བས་སྐྱོན་འཛུགས་དེའི་རིགས་བྱ་རྒྱུ་མཚམས་ཆད། ཉེ་དུས་ཤིག་ནས་རྒྱ་ནག་དང་ཨ་མི་རི་ཀ་ཕྱོགས་གང་ཐད་དུ་དགྲ་ཁ་གཏད་དུ་འགྱུར་གྱི་ཡོད་པ་དང་རྒྱ་ནག་གཞུང་གིས་རང་གི་མི་དམངས་ལ་ཨ་མི་རི་ཀས་ཡག་ག་ཞིག་བྱེད་ཀྱི་མེད་པའི་དྲིལ་བསྒྲགས་བྱས་ནས་རྒྱ་ནག་གི་ཕྱིར་ཚོང་ལ་གྱོང་གུད་འཕོག་གི་ཡོད་པ་དང་མི་མང་ལས་ཤོར་པའི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་པའི་དཀའ་ངལ་རྣམས་སྦ་གསང་བྱ་ཐབས། རྒྱ་ནག་མི་དམངས་ལ་ཁོང་ཁྲོ་སྟོན་ས་དང་ངོ་རྒོལ་བྱ་ཡུལ་གསར་པ་ཞིག་བཙལ་ནས་དོན་དངོས་ལ་གཡོལ་ཐབས་བྱེད་ཀྱི་ཡོད་པ་རེད། ཨ་རིའི་ཇཱོན་སི་ཧོབ་ཀིན་སི་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་འབྲེལ་ལམ་རིག་པའི་སློབ་དཔོན་ཧྭང་ཧོ་ཧྥུང་ཞེས་པ་ཞིག་གིས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ལ་ཨ་མི་རི་ཀ་དང་རྒྱ་ནག་གཉིས་ཀའི་ནང་དུ་མི་དགའ་མཁན་མང་པོ་ཡོད་པ་རྒྱ་ནག་གཞུང་གིས་ཤེས་རྟོགས་བྱུང་ཞིང་། དེར་བརྟེན་རྒྱ་ནག་གཞུང་གིས་ཧོང་ཀོང་གཙོས་རང་ཡུལ་གྱི་དཀའ་ངལ་མང་པོ་ཞིག་གི་ལན་ཁག་ཨ་མི་རི་ཀའི་གཞུང་ལ་དཀྲི་རྒྱུ་སྟབས་བདེ་བོ་ཞིག་ཆགས་འདུག་་བཤད།

ཁ་སྔོན་ཕྱི་ཟླ་༥་པར་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་མཚམས་ཆད་ཀྱང་ཕྱོགས་གཉིས་ཀས་ཚོང་དོན་གྲོས་མོལ་འཕྲོ་སྐྱོང་བྱ་དགོས་པའི་འབད་བརྩོན་བྱས་པས་རྒྱ་ནག་གཞུང་གིས་ཨ་མི་རི་ཀར་སྐྱོན་བརྗོད་མ་བྱས་པར་ཡ་རབས་ཚུལ་བཟང་གི་རྣམ་འགྱུར་བསྟན་ནས་བསྡད་པར་མ་ཟད། ཐ་ན་ཁ་སྔོན་ཕྱི་ཟླ་༦་པར་ཧོང་ཀོང་མི་མང་ས་ཡ་༢་ལྷག་གིས་ངོ་རྒོལ་ཁྲོམ་སྐོར་བྱས་ཀྱང་རྒྱ་ནག་གཞུང་གིས་ངོ་རྒོལ་དེར་གླེང་སློང་ཆེན་པོ་ཞིག་བྱས་མེད་ཅིང་། བདུན་ཕྲག་འདིར་རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་དུ་ཨ་རི་དང་རྒྱ་ནག་གི་ཚོང་དོན་གྲོས་མོལ་བྱས་པར་གྲུབ་འབྲས་མ་ཐོན་པ། དེ་ནས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་སླར་ཡང་ཨ་སྒོར་ཐེར་འབུམ་༣༠༠་ཐམ་པའི་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༡༠་སྤར་རྒྱུ་ཡིན་ཞེས་བསྒྲགས། ད་དུང་ཨ་མི་རི་ཀས་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་ལ་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཡོད་པའང་ཕྱིར་འཐེན་བྱ་སྲིད་པའི་རྟགས་མཚན་མེད་པས་རྒྱ་ནག་གཞུང་གིས་ཧོང་ཀོང་གི་ངོ་རྒོལ་དེའི་ས་བོན་ཨ་མི་རི་ཀས་བཏབ་པ་རེད། ཨ་རི་དང་རྒྱ་ནག་གི་ཚོང་དོན་གྲོས་མོལ་ཡར་རྒྱས་འགྲོ་མི་ཐུབ་པའི་འགོག་རྐྱེན་ཨ་མི་རི་ཀས་རྒྱག་གི་འདུག་ཅེས་སྐྱོན་བརྗོད་བྱ་རྒྱུ་འགོ་ཚུགས། བདུན་ཕྲག་སྔོན་མར་རྒྱ་ནག་གི་བརྙན་འཕྲིན་མདོ་འཛིན་པ་སྐད་གྲགས་ཅན་ཁཱང་ཧུའི་ཡིས་ཨ་མི་རི་ཀས་གཞན་ལ་ཐུབ་ཚོད་བྱས་ནས་འཛམ་གླིང་ཁྱོན་ལ་ཟིང་འཁྲུག་སློང་གི་ཡོད་པ་དང་ཨ་མི་རི་ཀས་རྟག་ཏུ་དཀྲུང་ཤིང་རྒྱག་གི་འདུག གལ་སྲིད་ཨ་མི་རི་ཀས་ཐུག་པ་དཀྲུག་དཀྲུག་བྱས་ན་ང་ཚོས་གནད་དོན་ཁག་ལ་གྲོས་མོལ་བྱ་དགོས་དོན་མེད། རྒྱ་ནག་གིས་ཨ་མི་རི་ཀར་ཁ་གྲག་རྒྱུ་མེད་པ་ཞིག་ཏུ་བྱ་ཆོག་ཅེས་ཁ་རྡུང་བཏང་འདུག

ཟླ་བ་སྔོན་མར་ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་ཧོང་ཀོང་གི་ཀུ་ཤུ་ཉིན་རེའི་ཚགས་པར་གྱི་བདག་པོ་ཇཱི་མི་ལཱེ་གཉིས་ཝ་ཤིང་ཊོན་དུ་ཐུག་འཕྲད་བྱས་ནས་བཟུང་། རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་ཨ་མི་རི་ཀའི་མཐོ་རིམ་འགོ་ཁྲིད་ཚོར་ཀུན་སློང་ངན་པ་འདུག་ཅེས་སྐྱོན་བརྗོད་བྱས་པ་དང་པེ་ཅིང་གི་གནད་ཡོད་མི་སྣ་ཚོས་ཧོང་ཀོང་གི་ངོ་རྒོལ་ལ་སྐྱོན་བརྗོད་བྱ་རྒྱུ་ཤུགས་ཆེ་རུ་བཏང་ཞིང་། མི་གཅིག་གིས་ཨ་མི་རི་ཀས་ཧོང་ཀོང་གི་སྦྲུམ་མ་རྣམས་ཀྱང་ངོ་རྒོལ་ཁྲོམ་སྐོར་གྱི་ཟིང་འཁྲུག་ནང་དུ་ཞུགས་དགོས་པའི་ངན་སྐུལ་བྱེད་ཀྱིན་འདུག་ཅེས་སྐྱོན་བཙུགས། རྒྱ་ནག་གི་མི་དམངས་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་ཞིབ་འཇུག་ཚན་པའི་སློབ་དཔོན་ཝང་དབྱི་ཝེ་ཞེས་པ་ཞིག་གིས་ཧོང་ཀོང་གི་ངོ་རྒོལ་བ་རྣམས་མི་དམངས་དཀྱུས་མ་ཡིན་པ་འདྲ་བོ་མི་འདུག ཁོ་ཚོས་གཞན་གྱི་ངན་སྐུལ་འོག་ཏུ་འཁྲབ་སྟོན་བྱེད་ཀྱི་ཡོད་པ་འདྲ་བོ་འདུག་ཅེས་བཤད། རྒྱ་ནག་གི་ཕྱོགས་གཏོགས་ཧོང་ཀོང་གི་གསར་འགྱུར་ལས་ཁང་ཁག་གིས་མི་མང་གི་ངོ་རྒོལ་བྱ་ཡུལ་ཁག་ཏུ་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་ཡོད་པ་རྣམས་ཨ་མི་རི་ཀའི་གསང་ཉུལ་རེད། ཁོ་ཚོས་ཧོང་ཀོང་མི་མང་ལ་ངོ་རྒོལ་བྱ་དགོས་པའི་ངན་སྐུལ་བྱེད་ཀྱི་འདུག་ཅེས་པར་བརྒྱབ་ནས་གསར་འགྱུར་སྤེལ། ཉམས་ཞིབ་པ་ཚོས་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོའི་ཆོག་མཆན་མེད་པར་བརྙན་འཕྲིན་མདོ་འཛིན་པ་དང་ཧོང་ཀོང་གི་གསར་འགྱུར་ལས་ཁང་ཁག་གིས་ཨ་མི་རི་ཀར་སྐྱོན་བརྗོད་བྱེད་མི་ཕོད་ཅེས་བཤད།

ཞིས་ཅིན་ཕིང་གི་བློས་ཐུབ་ཀྱི་གྲོགས་པོ་ཝང་ཧུ་ནིང་དྲིལ་བསྒྲགས་ཀྱི་ཆེད་ལས་པ་ཞིག་ཡིན། ཁོ་པར་ཨ་མི་རི་ཀར་ལྟ་སྟངས་ཡག་པོ་མེད་པ་དང་སྲིད་དོན་ཚོགས་པ་སྣ་མང་གི་དམངས་གཙོའི་ལམ་ལུགས་ལ་དགའ་མོས་མེད་པའི་མི་ཞིག་ཡིན། ཝང་ཧུ་ནིང་དུས་རབས་སྔོན་མའི་ལོ་རབས་༨༠་ནང་དུ་ཨ་མི་རི་ཀར་ཡོང་བའི་ཉམས་མྱོང་ལ་གཞི་བཞག་ནས་ཨ་མི་རི་ཀས་ཨ་མི་རི་ཀར་ཁ་གཏད་གཅོག་པ་ཞེས་དཔེ་དེབ་ཅིག་བརྩམས། དེང་སྐབས་ཁོ་པ་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་འཐུས་མིའི་གྲས་སུ་ཡོད་པས་ཝང་ཧུ་ནིང་གིས་རྒྱ་ནག་གི་དྲིལ་བསྒྲགས་ཚན་པ་ཁག་ལ་ཨ་མི་རི་ཀ་དགྲར་འཛིན་གྱི་ཁ་རྡུང་ཇི་ལྟར་གཏོང་དགོས་མིན་དང་། རྒྱ་ནག་གི་སྤྱི་ཚོགས་སུ་ཨ་མི་རི་ཀར་ངོ་རྒོལ་གྱི་ལས་འགུལ་ཞིག་རྒྱུན་འཁྱོངས་ཇི་ལྟར་བྱ་དགོས་མིན་གྱི་བཀོད་ཇུས་བྱས་ཡོད་པ་ཡིན་སྲིད། ཨ་མི་རི་ཀའི་ཉམས་ཞིབ་པ་མང་པོ་ཞིག་གིས་ཧོང་ཀོང་གི་ངོ་རྒོལ་དེའི་ལན་ཁག་ཨ་མི་རི་ཀར་དཀྲི་བཞིན་ཡོད་པ་ནི་རྒྱ་ནག་གི་འགོ་ཁྲིད་ཚོས་བསམ་བཞིན་ཐག་གཅོད་བྱས་པ་ཞིག་ཡིན་པ་ལས། རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོའི་ཆོག་མཆན་དང་ཐག་གཅོད་མེད་པར་མི་མང་སྒེར་ངོས་ནས་ཨ་མི་རི་ཀར་སྐྱོན་འཛུགས་བྱས་པ་ཞིག་ཡིན་མི་སྲིད་ཅེས་གླེང་སློང་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG