ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༥/༠༥/༡༥

བཀག་ཉར་ཁང་གི་ཡུ་གུར་བ་ཕལ་མོ་ཆེ་གློད་གྲོལ་བཏང་སྐད།


༄༅།། རྒྱ་ནག་གཞུང་གིས་ཞིན་ཅང་གི་བཀག་ཉར་ཁང་དེ་དག་གི་ནང་དུ་བཀག་ཉར་བྱས་ཡོད་པའི་ཞིན་ཅང་གི་ཡུ་གུར་བ་ཕལ་མོ་ཆེ་གློད་གྲོལ་བཏང་ཟིན་ཞེས་བསྒྲགས་ཀྱང་ཞིབ་ཕྲའི་གནས་ཚུལ་ཅི་ཡང་འགྲེལ་བཤད་བརྒྱབ་མེད་པ་སྟེ། གཟའ་མིག་དམར་ཉིན་ཞིན་ཅང་གི་ཡུ་གུར་རང་སྐྱོང་ལྗོངས་ཀྱི་སྲིད་གཞུང་གི་གཙོ་འཛིན་གཞོན་པ་ཐུ་ཎི་ཡ་ཛེས་གཞུང་གི་ལག་ཤེས་སློབ་གྲྭ་ཁག་གི་ཡུ་གུར་བ་བརྒྱ་ཆ་༩༠་ཐམ་པ་རང་ཁྱིམ་སོ་སོར་ཕྱིར་སློག་བྱས་ཡོད་ཅེས་བཤད། འོན་ཀྱང་ཞིན་ཅང་ས་གནས་གཞུང་གི་མཐོ་རིམ་འགོ་ཁྲིད་དེའི་ཁྱབ་བསྒྲགས་དེ་ངོ་མ་ཞིག་ཡིན་མིན་སོགས་ཕྱི་རྒྱལ་གྱི་གསར་འགོད་པ་དང་རང་བཙན་གྱི་རྟོག་ཞིབ་པ་ཚོས་ངེས་གཏན་བྱ་རྒྱུ་ཁག་པོ་ཡིན་ཞིང་། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་ཕྱི་ལོགས་སུ་ཡོད་པའི་ཡུ་གུར་བ་ཚོས་གནས་ཚུལ་རྒྱུས་ལོན་བྱས་པའམ། ཡང་ན་སྔོན་ཆད་ཞིན་ཅང་གི་བཀག་ཉར་ཁང་དེ་དག་གི་ནང་དུ་བཀག་བསྐྱིལ་བྱས་པའི་མི་ཚོས་རང་གི་ཉམས་མྱོང་བཤད་པ་རྣམས་རྒྱལ་སྤྱིའི་ཐོག་ཏུ་ཁྱབ་ཡོད་རུང་རྒྱ་ནག་གཞུང་གིས་ཞིན་ཅང་གི་བཀག་ཉར་ཁང་དེ་དག་གི་ནང་དུ་ཡུ་གུར་བ་ཅི་ཙམ་བཀག་ཉར་བྱས་པ། ཁོ་ཚོ་བཀག་ཉར་བྱ་དགོས་དོན། ཞིན་ཅང་གི་བཀག་ཉར་ཁང་དེ་དག་གི་ནང་དུ་ཡུ་གུར་བ་ཚོར་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་ཅི་ཞིག་སྤྲོད་ཀྱི་ཡོད་པ་བཅས་ཀྱི་གནས་ཚུལ་ཁ་གསལ་ཞིག་ཕྱིར་བསྒྲགས་བྱས་མེད་པ་རེད།

ཟླ་ཤས་གོང་དུ་ཞིན་ཅང་གི་བཀག་ཉར་ཁང་དེ་དག་གི་ནང་དུ་བཅུག་ཡོད་པའི་ཡུ་གུར་བ་རྣམས་རྒྱ་ནག་གི་ཧྲན་ཤི་དང་ཀན་སུའུ་ཞིང་ཆེན་གྱི་བཀག་ཉར་ཁང་དེ་དག་གི་ནང་དུ་གནས་སྤོར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་ཡོད་པར་མ་ཟད། ཞིན་ཅང་གི་བཀག་ཉར་ཁང་དེ་དག་གི་ནང་དུ་ཁ་ཛཀ་སི་ཐན་སོགས་དབུས་ཨེ་ཤི་ཡའི་ཁ་ཆེའི་རྒྱལ་ཁབ་ཁག་གི་སྤྱི་དམངས་ལ་གཉེན་སྒྲིག་བྱས་པའི་ཡུ་གུར་བ་མང་དག་ཅིག་ཡོད་ཅིང་། ཁོ་ཚོ་རང་གི་བཟའ་ཟླ་རྣམས་ཀྱི་འབྲེལ་ཡོད་རྒྱལ་ཁབ་ཁག་ལ་ཕྱིར་སློག་བྱས་ཡོད་མེད་གསལ་པོ་མེད། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ས་ཡ་གཅིག་ལྷག་བཀག་ཉར་བྱས་ནས་རྒྱ་ནག་དམར་ཤོག་ཚོགས་པ་དང་སྲིད་འཛིན་ཞིས་ཅིན་ཕིང་། རྒྱ་ནག་གཞུང་གི་བཀའ་དྲིན་བསམ་ཤེས་ཐུབ་དགོས། ཞིན་ཅང་གི་ཡུ་གུར་བ་ཚོས་རྒྱ་ནག་གཞུང་དང་གུང་ཁྲན་ཏང་ལ་བསྟོད་དབྱངས་ལེན་དགོས་པ་དང་རྒྱ་ཡིག་རྒྱ་སྐད་སློབ་སྦྱོང་། རྒྱ་ནག་གི་སྲོལ་རྒྱུན་རིག་གནས་སློབ་སྦྱོང་བྱ་དགོས་པ་དང་ཁ་བྲལ་རིང་ལུགས་ལ་ངོ་རྒོལ་དང་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ། མཐའ་ལྷུང་རིང་ལུགས་ལ་ངོ་རྒོལ་བྱ་དགོས་པའི་བསམ་བློའི་སློབ་གསོ་བཏང་སྟེ་བཀག་ཉར་ཁང་དེ་དག་གི་ནང་དུ་པར་ཆས་བཙུགས་ནས་ཉིན་མཚན་དུས་དྲུག་ལ་ལྟ་རྟོག་བྱས་པ། ཞིན་ཅང་རྒྱལ་ཡོངས་སུ་དམག་དང་དྲག་ཆས་ཉེན་རྟོག་པ། གསང་ཉུལ་འགྲེམ་འཇོག་དང་ཁྱིམ་ཚང་ཁག་ལ་གཞུང་གི་ལས་བྱེད་པ་མངགས་གཏོང་། ཞིན་ཅང་གི་སྲང་ལམ་ཁག་དང་ཚོང་ཁང་། མགྲོན་ཁང་དང་ལྷ་ཁང་སོགས་ལ་པར་ཆས་བཙུགས་པ་དང་མི་མང་གི་ཁ་པར་ལ་ཞིབ་བཤེར་དང་ལྐོག་ཉན་བྱེད་པ་སོགས་ཀྱི་སྲིད་ཇུས་ཁག་ཅིག་ལག་ལེན་བསྟར་གྱི་ཡོད་པ་རེད།

ཕྱི་ཟླ་༧་ཚེས་༣༠་ཉིན་འདིར་རྒྱ་ནག་གཞུང་གིས་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ས་གནས་འགོ་ཁྲིད་ཚོས་གསར་འགོད་ལྷན་ཚོགས་བསྐོངས་ནས་བཀག་ཉར་ཁང་དེ་དག་གི་ནང་དུ་བཅུག་པའི་མི་བརྒྱ་ཆ་༩༠་ཙམ་གློད་གྲོལ་བཏང་ཟིན་ཞེས་ཁྱབ་བསྒྲགས་བྱེད་དུ་བཅུག་པ་ནི་མཉམ་འབྲེལ་རྒྱལ་ཚོགས་དང་ཡུ་རོབ་མཉམ་འབྲེལ། ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་རྒྱ་ནག་ལ་གནོན་ཤུགས་ཆེན་པོ་སྤྲད་པའི་གྲུབ་འབྲས་ཤིག་ཏུ་བརྩི་ཆོག ཡིན་ནའང་རྒྱ་ནག་གཞུང་གིས་བཀག་ཉར་ཁང་ནས་གློད་གྲོལ་བཏང་བའི་ཞིན་ཅང་གི་ཡུ་གུར་བ་ཚོར་རང་ཁྱིམ་དང་རང་གི་ས་གནས་སོ་སོར་ཕྱིར་སློག་བྱས་ནས་རང་དབང་ཅི་ཙམ་སྤྲད་ཡོད་མེད། ཁོ་ཚོ་རང་ཁྱིམ་དུ་བཟང་བཙོན་ལྟ་བུ་ཞིག་ཏུ་བཅུག་ཡོད་མེད་དང་རྒྱ་ནག་གཞུང་གིས་ཆ་རྐྱེན་གང་འདྲ་ཞིག་གི་འོག་ཏུ་བཀག་ཉར་ཁང་དུ་བཅུག་པའི་མི་རྣམས་གློད་གྲོལ་བཏང་བ་ཡིན་མིན་རྣམས་འགྲེལ་བཤད་གསལ་པོ་ཞིག་བརྒྱབ་མེད་པར་བརྟེན། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་གནས་འཁོད་ཡུ་གུར་བ་ཐ་ཧིར་ཨི་མཱིན་ཞེས་པ་ཞིག་གིས་རྒྱ་གཞུང་གི་འགོ་ཁྲིད་ཚོས་ཞིན་ཅང་གི་ཡུ་གུར་བ་རྣམས་བཀག་ཉར་ཁང་ནས་གློད་གྲོལ་བཏང་བ་ཡིན་ཟེར་གྱི་ཡོད་པའི་སྐད་ཆ་དེ་བདེན་པ་ཡིན་མིན་ལ་དོགས་པ་ཡོད། ང་ཚོ་ཕྱི་ལོགས་ན་ཡོད་པའི་ཡུ་གུར་པ་ཚོས་སྔར་བཞིན་ཞིན་ཅང་ན་ཡོད་པའི་ཕ་མ་དང་སྤུན་མཆེད། བུ་ཕྲུག་སོགས་ལ་འབྲེལ་བ་བྱེད་ཐུབ་ཀྱི་མི་འདུག ང་ཚོས་རྒྱ་ནག་གཞུང་གིས་ཡུ་གུར་བ་སུ་ཞིག་གློད་གྲོལ་བཏང་བ་ཡིན་མིན་ཤེས་རྟོགས་ཐུབ་ཀྱི་མི་འདུག་ཅེས་བཤད།

ཐ་ཧིར་ཨི་མཱིན་གྱིས་རྒྱ་ནག་གཞུང་གིས་ངེས་པར་དུ་ཞིན་ཅང་ལ་དམ་དྲག་ནན་པོ་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས། རྒྱལ་སྤྱིའི་རང་བཙན་གྱི་གསར་འགོད་པ་དང་རྟོག་ཞིབ་པ་ཚོར་ཞིན་ཅང་གི་གནས་སྟངས་ཞིབ་འཇུག་བྱེད་དུ་འཇུག་དགོས། གལ་སྲིད་རྒྱ་ནག་གཞུང་ལ་དྲང་པོ་ཞིག་བྱ་འདོད་ཡོད་པ་དང་གསར་འགོད་པ་ཚོར་ཅི་ཞིག་ཁྱབ་བསྒྲགས་བྱས་པ་རྣམས་བདེན་པ་ཡིན་པ་ངོ་འཕྲོད་དུ་འཇུག་འདོད་ཡོད་ན་ཕྱི་ལོགས་ན་ཡོད་པའི་ཡུ་གུར་བ་ཚོར་ཞིན་ཅང་གི་གཉེན་ཚན་རྣམས་ལ་བཀག་སྡོམ་མེད་པར་རང་དབང་གི་སྒོ་ནས་འབྲེལ་བ་བྱེད་དུ་འཇུག་དགོས། རང་བཙན་གྱི་གསར་འགོད་པ་རྣམས་ཞིན་ཅང་ལ་འགྲོ་སྐྱོད་བྱེད་དུ་འཇུག་དགོས། ང་ཚོར་ཁུངས་ལྡན་གྱི་གནས་ཚུལ་འབྱོར་བ་དེ་ལ་བལྟས་ན་རྒྱ་ནག་གཞུང་གིས་ཕྲུ་གུ་དང་བུད་མེད་ཁག་ཅིག་གློད་གྲོལ་བཏང་འདུག སྐྱེས་པ་དང་ཕོ་གསར་རྣམས་སྔར་བཞིན་བཀག་ཉར་ཁང་དེ་དག་གི་ནང་དུ་བཙོན་འཇུག་བྱས་འདུག་ཅེས་བཤད། ཨོ་གླིང་རྒྱལ་ཁབ་ཀྱི་སློབ་ཆེན་ཞིག་གི་སྲིད་དོན་རིག་པའི་སློབ་དཔོན་ལེ་བྷོལ་ཌིས་ཀྱང་རྒྱ་ནག་གཞུང་གིས་མི་ཉུང་ཤས་ཤིག་གློད་གྲོལ་བཏང་ཡོད་པའི་རྟགས་མཚན་འདུག ཡིན་ནའང་བཀག་ཉར་ཁང་དེ་དག་གི་ནང་དུ་བཅུག་པའི་མི་བརྒྱ་ཆ་༩༠་ལྷག་གྲོལ་བཏང་བ་ཡིན་ཟེར་པའི་སྐད་ཆ་དེར་ཡིད་ཆེས་བྱ་ཐུབ་རྒྱུ་ཁག་པོ་རེད་ཅེས་ཡུ་གུར་བ་ཐ་ཧིར་ཨི་མཱིན་གྱི་སྐད་ཆར་རྒྱབ་སྐྱོར་བྱས་འདུག

ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་གཙོ་འཛིན་ཛ་ཀིར་གྱིས་ལག་ཤེས་སློབ་གྲྭ་ཁག་འགྲིམས་པའི་མི་ཚོ་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་ཐུབ་པའི་ཆ་རྐྱེན་ཞིག་ཏུ་གྱུར་ཡོད་ཅེས་བཤད། རྒྱ་ནག་གཞུང་གིས་ཞིན་ཅང་གི་ལག་ཤེས་སློབ་གྲྭ་ཁག་ཏུ་ལག་ཤེས་དང་སྐད་ཡིག དེང་རབས་ཀྱི་གློག་ཀླད་སོགས་ཀྱི་ཤེས་བྱ་གསར་པ་སློབ་ཁྲིད་བྱེད་ཀྱི་ཡོད། མཐའ་ལྷུང་རིང་ལུགས་དང་འཇིགས་སྐུལ་རིང་ལུགས། ཁ་བྲལ་རིང་ལུགས་བཅས་དུག་རྒྱུན་ངན་པ་གསུམ་གྱི་ཤན་ཤུགས་ཐེབས་པའི་མི་ཚོར་འཚོ་བའི་མདུན་ལམ་གསར་པ་ཞིག་སྐྲུན་གྱི་ཡོད། ཁོ་ཚོའི་ལྟ་སྤྱོད་ལའང་བཟང་ཕྱོགས་ཀྱི་འགྱུར་བ་ཐེབས་ཀྱི་འདུག ཞིན་ཅང་གི་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་བྱ་རྒྱུ་ནི་རྒྱ་ནག་གི་ཞི་བདེ་བརྟན་ལྷིང་དང་མངའ་ཁོངས་གོང་བུ་གཅིག་གྱུར། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་ལ་འབྲེལ་བ་དམ་ཟབ་ཡོད་ཅེས་ཞིན་ཅང་གི་ཡུ་གུར་བ་ཚོས་རང་གི་ཐོབ་ཐང་ཞིག་རྩོད་ཀྱི་ཡོད་པ་འཇིགས་སྐུལ་རིང་ལུགས་དང་མཐའ་ལྷུང་རིང་ལུགས། ཁ་བྲལ་རིང་ལུགས་ཀྱི་ངོ་བོ་ཞིག་ལ་སྒྱུར་གྱི་ཡོད་པ་རེད།།

XS
SM
MD
LG