ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་ནག་གི་སེ་བྷི་རི་ཡའི་ཤིང་ནགས་གཅོད་འབྲེག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། སེ་བྷི་རི་ཡ་ཞེས་པ་ནི་ཨུ་རུ་སུའི་གོང་མའི་དུས་སྐབས་དང་དམར་ཤོག་གི་དུས་སྐབས་སོ་སོར་བཙོན་པ་རྒྱང་ཕུད་གཏོང་ས་དང་ཡུལ་མཐའ་འཁོབ། གནམ་གཤིས་གྲང་མོ་དང་གདོད་མའི་ནགས་ཚལ་སྟུག་པོ། འཛམ་གླིང་གི་རྩོམ་རིག་དང་སྒྲུང་དེབ། གློག་བརྙན་བཅས་སུ་སེ་བྷི་རི་ཡ་ཞེས་རྟག་ཏུ་མཐོང་ཐོས་ཐུབ་པའི་ས་གནས་ཤིག་ཡིན་ཞིང་། འདས་པའི་ལོ་སྟོང་ཕྲག་མང་པོར་སེ་བྷི་རི་ཡའི་རང་བྱུང་ནགས་ཚལ་ལ་དོ་ཕོག་མ་བྱུང་བར་སོར་གནས་ཐུབ་ཀྱང་ཤིང་ཆ་ཕྱིར་ཚོང་གིས་སེ་བྷི་རི་ཡའི་ས་གནས་མི་མང་ལ་ལས་ཀའི་གོ་སྐབས་གསར་པ་དང་དཔལ་འབྱོར་ཡོང་འབབ་བཟང་པོ། མི་འབོར་ཉུང་བའི་ཨུ་རུ་སུའི་ས་གནས་དེའི་མི་མང་ལ་རྡོ་སྣུམ་གྱི་གཏེར་ཁ་ལྟ་བུ་ཞིག་ཏུ་གྱུར། ད་ལྟ་རྒྱ་ནག་གི་ཤིང་གཅོད་བཟོ་གྲྭ་ཁག་གིས་སེ་བྷི་རི་ཡའི་ཤིང་ནགས་བཅད་ནས་རྒྱ་ནག་ལ་སྐྱེལ་འདྲེན་བྱེད་ཀྱི་ཡོད་པས་སེ་བྷི་རི་ཡའི་རང་བྱུང་ཁོར་ཡུག་ལ་གཏོར་བཤིག རྒྱ་ནག་གི་ཤིང་གཅོད་བཟོ་གྲྭ་ཁག་གིས་སེ་བྷི་རི་ཡའི་ཤིང་ནགས་བཅད་ཚར་པའི་རྗེས་སུ་ས་གནས་དེའི་མི་མང་ལ་འཚོ་བརྟེན་མེད་པར་འགྱུར་རྒྱུའི་འཇིགས་སྣང་ཡོང་བཞིན་པས་ས་གནས་དེའི་ཨུ་རུ་སུའི་མི་མང་ཁག་ཅིག་གིས་རྒྱ་ནག་གི་ཤིང་གཅོད་བཟོ་གྲྭ་ཁག་ལ་སྡང་ཟུག་བྱེད་ཀྱི་ཡོད་པ་རེད།

ཝང་དབྱིན་རེན་ཞེས་པའི་རྒྱ་ནག་གི་ཤིང་གཅོད་པ་ཞིག་གིས་གསར་འགོད་པར་ང་ཚོས་སེ་བྷི་རི་ཡའི་ནགས་ཁྲོད་དུ་ཤིང་ཆ་རིགས་སྣ་མང་ཞིག་གཅོད་འབྲེག་བྱེད་བཞིན་ཡོད། ཁང་པ་འདི་ཚོ་ཚང་མ་ཤིང་སྡོང་འདྲ་གཏུབ་བྱ་ས་ཡིན། འདི་ཚོ་ཚང་མ་རྒྱ་ནག་གི་ཤིང་གཅོད་པ་ཚོས་གཉེར་འཛིན་བྱེད་བཞིན་ཡོད་ཅེས་ཁང་ཆུང་བརྒྱ་སྐོར་ཞིག་བསྟན། ཁོ་པས་ང་ཚོར་འདི་འདྲའི་ཚོང་ལས་ཤིག་གཉེར་རྒྱུའི་གོ་སྐབས་ཐོབ་པ་ལམ་འགྲོ་ཆེན་པོ་རེད་ཅེས་བཤད། སེ་བྷི་རི་ཡའི་ནགས་ཁྲོད་དུ་བཅད་པ་དང་འདྲ་གཏུབ་བྱས་པའི་ཤིང་ཆ་རྣམས་མེ་འཁོར་ཐོག་ཏུ་རྒྱ་ནག་ལ་སྐྱེལ་འདྲེན་བྱེད་ཀྱི་ཡོད་པར་མ་ཟད། རྒྱ་ནག་གི་ཁྲོམ་རའི་ནང་དུ་དགོས་མཁོ་ཆེན་པོ་ཡོད་པའི་ཤིང་གི་རྐུབ་བཀྱག་དང་ཅོག་ཙེ། འཆའ་སྒམ་སོགས་ཀྱི་ཁྱིམ་ཆས་མང་པོ་ཞིག་སེ་བྷི་རི་ཡའི་ཤིང་ནགས་ཀྱིས་བཟོ་སྐྲུན་བྱེད་ཀྱི་ཡོད་པ་དང་ཨུ་རུ་སུའི་ཤིང་ཆ་དག་གིས་བཟོས་པའི་ཅ་ལག་མང་པོ་ཞིག་རྒྱ་ནག་གིས་རྒྱལ་ཁབ་གཞན་ལའང་ཕྱིར་ཚོང་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་གཞུང་གིས་རང་ཡུལ་གྱི་ནགས་ཚལ་རྣམས་གཅོད་འབྲེག་བྱེད་མི་ཆོག་པའི་བཀག་སྡོམ་བྱེད་ཡོད་པས་སེ་བྷི་རི་ཡའི་ཤིང་ནགས་བཅད་ནས་ཤིང་ཆའི་དགོས་མཁོ་ལ་ཁ་གསབ་དང་རྒྱ་ནག་གི་ཤིང་ཆའི་ཚོང་ལས་ཀྱི་དགོས་མཁོ་སྐོང་གི་ཡོད་པ་རེད།

༢༠༡༨་ལོ་དེར་རྒྱ་ནག་གིས་ཨུ་རུ་སུ་ནས་ཨ་སྒོར་དུང་ཕྱུར་༣༥་ལྷག་གི་ཤིང་ཆ་ནང་འདྲེན་ཕྱིར་ཚོང་བྱས་པ་དང་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གིས་ཤིང་སྒོ་དང་མཐིལ་ཤིང་། སྒེའུ་ཁུང་སོགས་ཀྱི་སྒྲོམ་གཞི་བཟོས་ནས་འཛམ་གླིང་གི་ཁྲོམ་རའི་ནང་དུ་བཙོང་གི་ཡོད་པས་སེ་བྷི་རི་ཡའི་ས་གནས་མི་མང་གིས་རྒྱ་ནག་གི་ཤིང་གཅོད་བཟོ་གྲྭ་ཁག་གིས་ཤིང་སྡོང་གཅོད་ཀྱི་ཡོད་པར་ངོ་རྒོལ་བྱེད་ཀྱི་ཡོད་པ་སྟེ། ཨ་རི་ན་ཞེས་པའི་ས་གནས་དེའི་ཡུལ་མི་དང་གྲོང་སྡེ་ལྷན་ཁང་གི་འཐུས་མི་ཞིག་གིས་ང་ནི་ས་གནས་འདིའི་ཡུལ་མི་ཞིག་ཡིན། ང་ཚོས་ཅིའི་ཕྱིར་ཤིང་ནགས་གཅོད་འབྲེག་དང་མེར་སྲེག གད་སྙིགས་ཕུང་གསོག་བྱེད་ཀྱི་ཡོད་པ་འདིར་བཟོད་སྒོམ་བྱ་དགོས་སམ་ཞེས་གསར་འགོད་པར་བཤད། ཉེ་ཆར་ཉི་ཧོང་གི་ཨོ་ས་ཁ་གྲོང་ཁྱེར་དུ་ཚོགས་པའི་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་༢༠་ཐམ་པའི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་ལོ་འཁོར་ཚོགས་ཆེན་ཐོག་ཏུ་ཨུ་རུ་སུ་དང་རྒྱ་ནག་གཉིས་ཀྱིས་ཚོང་ལས་རྒྱ་སྐྱེད་བཏང་སྟེ་ཨུ་རུ་སུའི་དངུལ་ལོར་དང་རྒྱ་ནག་གི་དངུལ་ལོར་གཉིས་ཕར་ཚུར་སྤྲོད་ལེན་བྱ་རྒྱུ། རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱིས་ཨ་མི་རི་ཀའི་དངུལ་སྒོར་བཀོལ་སྤྱོད་བྱ་རྒྱུ་མིན་པའི་གྲོས་མཐུན་བཞག་རུང་༡༩༦༩་ལོར་རྒྱ་ནག་དང་ཨུ་རུ་སུ་གཉིས་ལ་ས་མཚམས་ཀྱི་འཁྲུག་རྩོད་བྱུང་ནས་བཟུང་། ད་དུང་ཁོ་ཚོ་སེམས་པའི་གཏིང་དུ་ཕན་ཚུན་ཡིད་ཆེས་མེད་པའི་དོགས་པ་སེལ་ཐུབ་མེད་པ་རེད།

སེ་བྷི་རི་ཡའི་ཡུལ་མི་ཚོས་ཤིང་ནགས་གཅོད་འབྲེག་བྱས་ནས་རང་བྱུང་ཁོར་ཡུག་ལ་གཏོར་བཤིག་ཕོག་གི་འདུག་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་ཀྱང་ཨུ་རུ་སུའི་གཞུང་གིས་ཤིང་ནགས་གཅོད་འབྲེག་བྱ་རྒྱུ་མཚམས་འཇོག་བྱེད་དཀའ། དཔེར་ན་སྔ་ལོ་གཅིག་པུར་ཨུ་རུ་སུའི་གཞུང་གིས་ས་ཁྱོན་ཨེ་ཀར་ས་ཡ་༡༦་དང་འབུམ་༣་གྱི་ཤིང་ནགས་བཅད། འདི་ནི་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷར་ཛིལ་གྱིས་ཨ་མ་ཛོན་ནགས་ཚལ་ཁྲོད་དུ་ས་ཁྱོན་ཨེ་ཀར་ས་ཡ་༩་དང་འབུམ་༡་གི་རྒྱ་ཁྱོན་གྱི་ཤིང་སྡོང་བཅས་པ་ལས་ཀྱང་མང་བ་ཡིན་ཞིང་། སྟབས་ལེགས་པ་ཞིག་ལ་ཨུ་རུ་སུའི་ནགས་ཚལ་ཁྲོད་དུ་ཡུན་རིང་མི་འགོར་པར་ཤིང་སྡོང་གསར་པ་བསྐྱར་དུ་སྐྱེ་ཐུབ་པས་རང་བྱུང་ཁོར་ཡུག་ལ་གཏོར་བཤིག་ཚབས་ཆེན་ཕོག་པའི་རྣམ་པ་དེ་ཙམ་མངོན་དཀའ། ཨ་རིའི་མེ་རི་ལན་ཌི་སློབ་གྲྭ་ཆེན་མོའི་སློབ་དཔོན་ཕོ་ཏ་ཕོབ་ཀྱིས་བཤད་པ་ལྟར་ན་ཤིང་ནགས་མེར་སྲེག་བཏང་བ་དང་ཤིང་སྡོང་གཅོད་འབྲེག་བྱས་ནས་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་གམ། ཡང་ན་སའི་གོ་ལའི་གནམ་གཤིས་ཀྱི་ཚ་དྲོད་ཆེ་རུ་གཏོང་གི་ཡོད་པ་མཐའ་གཅིག་ཏུ་ར་སྤྲོད་བྱེད་ཐུབ་ཀྱི་མི་འདུག་ཅེས་བཤད། ཡིན་ནའང་འཛམ་གླིང་གི་ཚན་རིག་པ་ཕལ་ཆེ་བས་ཤིང་ནགས་ཅི་ཙམ་མང་དུ་སོང་ན་མཁའ་རླུང་གཙང་མ་དང་ཟེ་རླངས་འཇིབ་རྔུབ་བྱེད་པར་ཕན་ཐོགས་འདུག སྟོང་ཁམས་ལ་ཟེ་རླངས་ཅི་ཙམ་ཉུང་ན་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་ལ་འགྱུར་ལྡོག་མི་ཐེབས་པའི་དགེ་མཚན་འདུག་ཅེས་སྒྲུབ་ཀྱི་ཡོད་པ་རེད།

XS
SM
MD
LG