ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

བྱང་ཀོ་རི་ཡས་འཕུར་མདེལ་ཚོད་ལྟ།


༄༅།། གཟའ་ཕུར་བུའི་ཉིན་བྱང་ཀོ་རི་ཡའི་ཤར་ཕྱོགས་མཚོ་ནང་དུ་འཕེན་རྒྱང་ཐུང་བའི་མེ་ཤུགས་འཕུར་མདེལ་གཉིས་ཚོད་ལྟ་བྱས་ནས་ཨ་མི་རི་ཀར་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་ཕྱོགས་སུ་གྲོས་མོལ་འཕྲོ་སྐྱོང་བྱ་དགོས་པའི་བརྡ་ཞིག་བཏང་ཞིང་། བྱང་ཀོ་རི་ཡའི་ཝོན་སན་གྲོང་ཁྱེར་ནས་ཤར་ཕྱོགས་མཚོ་ནང་དུ་འཕངས་པའི་མེ་ཤུགས་འཕུར་མདེལ་དེ་རྣམས་རྒྱང་ཐག་སྤྱི་ལེ་༤༣༠་ཐམ་པར་སྙོབ་ཐུབ་པར་མ་ཟད། འཕུར་མདེལ་དེ་དག་མཐོ་ཚད་སྤྱི་ལེ་༥༠་ཡས་མས་ཤིག་ལ་མཁའ་དབྱིངས་སུ་འཕུར་ནས་རྒྱ་མཚོའི་ནང་དུ་ལྷུང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ལྷོ་ཀོ་རི་ཡའི་དམག་དོན་མི་སྣ་ཞིག་གིས་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་གཉིས་ཀ་སྐྱེལ་འདྲེན་རླངས་འཁོར་ཐོག་ནས་འཕངས་པ་འདྲ་ཞེས་བཤད་ཀྱང་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་དེ་རྣམས་འབེན་ཕོག་འཕུར་མདེལ་ཡིན་མིན་ངེས་གཏན་ཐུབ་མེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱང་ཀོ་རི་ཡས་འབེན་ཕོག་འཕུར་མདེལ་བཟོ་སྐྲུན་བྱེད་མི་ཆོག་པའི་བཀག་སྡོམ་ཡོད་ཅིང་། ད་ཐེངས་ཀྱི་འཕུར་མདེལ་ཚོད་ལྟ་ནི་ཁ་སྔོན་ཕྱི་ཟླ་༦་པའི་ཚེས་༣༠་ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་ལྷོ་བྱང་ཀོ་རི་ཀོ་རི་ཡའི་ས་མཚམས་སུ་ཐུག་འཕྲད་གྲོས་མོལ་བྱས་ནས་བཟུང་། བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱས་པ་ཐེངས་དང་པོ་ཡིན། ད་ལོའི་ཕྱི་ཟླ་༥་པའི་ཚེས་༩་ཉིན་ཡང་བྱང་ཀོ་རི་ཡས་འཕེན་རྒྱང་ཐུང་བའི་མེ་ཤུགས་འཕུར་མདེལ་གཉིས་ཚོད་ལྟ་བྱས་པས་ཉམས་ཞིབ་པ་ཚོས་མེ་ཤུགས་འཕུར་མདེལ་དེ་རྣམས་འབེན་ཕོག་འཕུར་མདེལ་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

ཉེ་དུས་ཤིག་ནས་བྱང་ཀོ་རི་ཡས་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་ཞི་བའི་གྲོས་མོལ་འཕྲོ་སྐྱོང་བྱེད་ཀྱི་མེད་པར་ཡི་ཐང་ཆད་ཀྱི་ཡོད་པའི་རྣམ་འགྱུར་བསྟན། ཕྱི་ཟླ་༧་ཚེས་༡༦་ཉིན་བྱང་ཀོ་རི་ཡའི་གཞུང་གིས་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡ་གཉིས་ཀྱི་མཉམ་འབྲེལ་དམག་སྦྱོང་མཚམས་འཇོག་མ་བྱས་ན་བྱང་ཀོ་རི་ཡས་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡར་གྲོས་མོལ་བྱ་རྒྱུ་མཚམས་འཇོག་དང་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱ་རྒྱུ་བསྐྱར་དུ་རྒྱུན་སྐྱོང་བྱ་སྲིད་ཅེས་ཉེན་བརྡ་བཏང་འདུག ཌོ་ནལ་ཊམ་དང་ཀིམ་ཇུང་ཨུན་གཉིས་ལྷོ་བྱང་ཀོ་རི་ཡའི་ས་མཚམས་སུ་ཐུག་འཕྲད་བྱས་པའི་སྐབས་སུ་གཤམ་འོག་ལས་སྣེ་རིམ་པའི་གྲོས་མོལ་འཕྲོ་སྐྱོང་བྱ་རྒྱུ། སྲིད་འཛིན་ཌོ་ནལ་ཊམ་གྱིས་དུས་ཡུན་བདུན་ཕྲག་གཉིས་གསུམ་ཞིག་གི་རྗེས་སུ་ཕྱོགས་གཉིས་ཀྱི་གྲོས་མོལ་འཕྲོ་སྐྱོང་བྱེད་ཆོག་ཅེས་ཁས་ལེན་བྱས་མོད། འོན་ཀྱང་བྱང་ཀོ་རི་ཡའི་གཞུང་གིས་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡ་གཉིས་ཀྱི་མཉམ་འབྲེལ་དམག་སྦྱོང་དེས་གྲོས་མོལ་ལ་ཤུགས་རྐྱེན་ངན་པ་ཞིག་ཐེབས་ཀྱིན་འདུག་ཅེས་དགག་པ་བརྒྱབ་འདུག

༢༠༡༨་ལོའི་ཕྱི་ཟླ་༤་པའི་ནང་དུ་ཀིམ་ཇུང་ཨུན་གྱིས་རྒྱང་འཕེན་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱ་རྒྱུ་མཚམས་བཞག་ནས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ལ་ཐུག་འཕྲད་གྲོས་མོལ་ཐེངས་དང་པོ་བྱུང་། སྐབས་དེར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡའི་མཉམ་འབྲེལ་དམག་སྦྱོང་མཚམས་འཇོག་བྱེད་ཆོག་ཅེས་ཁས་ལེན་བྱས་ཀྱང་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡའི་དམག་དོན་མི་སྣ་ཚོས་ཕྱོགས་གཉིས་ཀྱི་མཉམ་འབྲེལ་དམག་སྦྱོང་མཚམས་འཇོག་མ་བྱས་པར་གཞི་རྒྱ་ཆུང་དུ་བཏང་འདུག སིངྒ་པུར་གྱི་ཐུག་འཕྲད་སྐབས་སུ་སྲིད་འཛིན་ཌོ་ནལ་ཊམ་གྱིས་བྱང་ཀོ་རི་ཡའི་བདེ་འཇགས་ལ་ཨ་མི་རི་ཀས་འགན་ལེན་བྱེད་ཆོག ཨ་མི་རི་ཀས་བྱང་ཀོ་རི་ཡར་འབྲེལ་བ་གསར་པ་ཞིག་འཛུགས་རྒྱུའི་དམ་བཅའ་བཞག་པ་དང་ཀིམ་ཇུང་ཨུན་གྱིས་ཀོ་རི་ཡའི་གླིང་ཟུར་ཧྲིལ་པོ་རྡུལ་ཕྲན་མཚོན་ཆ་མེད་པའི་བསྟི་གནས་ཤིག་ཏུ་བསྒྱུར་དགོས་པ་དེར་འབད་བརྩོན་བྱ་རྒྱུའི་ཁས་ལེན་བྱས་རུང་། ད་ལོའི་ཕྱི་ཟླ་༢་པར་ཀིམ་ཇུང་ཨུན་དང་ཌོ་ནལ་ཊམ་གཉིས་ཝྭི་ཏེ་ནམ་གྱི་ས་ཐོག་ཏུ་ཐུག་འཕྲད་གྲོས་མོལ་ཐེངས་གཉིས་པ་བྱས་པ་དེར་གྲུབ་འབྲས་གང་ཡང་ཐོན་མེད།

དེ་རིང་ཕྱི་ཟླ་༧་ཚེས་༢༥་ཉིན་རྒྱ་ནག་གིས་སླར་ཡང་ཨ་མི་རི་ཀ་དང་བྱང་ཀོ་རི་ཡ་གཉིས་ཀྱིས་གྲོས་མོལ་འཕྲོ་སྐྱོང་བྱ་དགོས་ཞེས་འབོད་སྐུལ་ཞུས་ཡོད་པ་སྟེ། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧྭ་ཁྲུན་དབྱིང་གིས་ཨ་མི་རི་ཀ་དང་བྱང་ཀོ་རི་ཡ་གཉིས་ཀྱིས་འཕྲལ་དུ་གྲོས་མོལ་འཕྲོ་སྐྱོང་བྱ་དགོས། ཕྱོགས་ཚང་མས་དཀའ་ལས་བརྒྱབ་སྟེ་ཞི་བའི་གྲོས་མོལ་གྱི་ཁོར་ཡུག་ཅིག་སྐྲུན་ཡོད་པའི་རིན་ཐང་ངོས་ཟིན་དགོས། དེ་ལ་ཛ་དྲག་གི་འཁྲུག་རྐྱེན་བསླངས་ནས་གཏོར་བརླག་མ་བྱས་ན་དགེ་མཚན་ཆེ། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་གནད་དོན་ནི་ཞི་བའི་གྲོས་མོལ་གྱི་ལམ་ནས་ཐག་གཅོད་བྱ་དགོས། ཁོ་ཚོས་ལྷག་བསམ་རྣམ་དག་དང་གནད་དོན་ཐག་གཅོད་ལ་བཟང་ཕྱོགས་ཀྱི་ལེགས་སྐྱེས་འབུལ་དགོས་ཞེས་ནན་བརྗོད་བྱས་འདུག ལྷོ་ཀོ་རི་ཡའི་དམག་གིས་བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་དེ་དག་རྒྱང་ཐག་ཅི་ཙམ་ལ་སྙོབ་ཀྱི་ཡོད་མེད་དང་མཐོ་ཚད་ཅི་ཙམ་ལ་འཕུར་ཐུབ་ཡོད་མེད། བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་དེ་རྣམས་འབེན་ཕོག་འཕུར་མདེལ་གྱི་རིགས་ཡིན་མིན་སོགས་ལ་བརྟག་དཔྱད་བྱས་པ་ལས་དེ་ལ་ལེགས་ཉེས་ཀྱི་འགྲེལ་བཤད་གཞན་པ་གང་ཡང་བརྒྱབ་མེད་པ་རེད།།

XS
SM
MD
LG