ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

དབྱིན་ཇིའི་སྲིད་བློན་གསར་པ་ཇཱོན་སན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཁ་སང་དབྱིན་ཇིའི་རྙིང་ཞེན་གཞུང་འཛིན་ཚོགས་པས་བྷོ་རི་སི་ཇཱོན་སན་སྲིད་བློན་ལ་འོས་འདེམས་བྱུང་། སྤྱི་ཚེས་༢༤་ཉིན་ཇཱོན་སན་གྱིས་དངོས་སུ་དབྱིན་ཇིིའི་སྲིད་བློན་གྱི་ལས་ཁུར་བཞེས། ཁོ་པ་ཨ་རིའི་ནེའུ་ཡོག་ཏུ་གྲོང་ཁྱེར་དུ་སྐྱེས་ཤིང་། དབྱིན་ཇིའི་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེན་པོ་ཡོད་པའི་རྩོམ་པ་པོ་དང་གསར་འགོད་པའི་ཕྱག་ལས་གནང་མྱོང་མཁན་གྱི་ཆབ་སྲིད་པ་ཞིག་ཡིན་པ་སྟེ། སྤྱི་ལོ་༢༠༠༡་ནས་༢༠༠༨་བར་དུ་དབྱིན་ཇིའི་གྲོས་ཚོགས་འཐུས་མི་དང་༢༠༠༨་ནས་༢༠༡༦་བར་དུ་དབྱིན་ཇིའི་རྒྱལ་ས་ལོན་ཌོན་གྱི་གྲོང་ཁྱེར་སྤྱི་ཁྱབ། ༢༠༡༦་ནས་༢༠༡༨་བར་དུ་དབྱིན་ཇིའི་ཕྱི་སྲིད་དང་རྒྱལ་དོན་བློན་ཆེན་བཅས་ཀྱི་ཐུགས་འགན་བཞེས། ༢༠༡༦་གི་པྱི་ཟླ་༦་པའི་ནང་དུ་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱ་དགོས་མིན་ལ་མང་མོས་འོས་ཤོག་འཕངས་ཏེ་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱ་རྒྱུ་དེར་མང་མོས་འོས་འདེམས་ཀྱི་རྒྱལ་ཁ་ཐོབ།

དེར་བརྟེན་སྐབས་དེའི་སྲིད་བློན་ཁེམ་རུན་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱ་དགོས་པའི་ཐག་གཅོད་བྱུང་བ་རང་གི་ལངས་ཕྱོགས་དང་ལྟ་བར་མ་མཐུན་པར་སྲིད་བློན་ལས་གནས་ནས་དགོངས་པ་ཞུས། དེའི་རྗེས་སུ་དབྱིན་ཇིའི་སྲིད་བློན་ལ་ཊེ་རི་ས་མཱེ་བསྐོ་བཞག་བྱུང་ཞིང་། དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱ་རྒྱུའི་ཐག་གཅོད་ཡག་པོ་ཞིག་མ་བར་ཆབ་སྲིད་ཚོགས་པའི་ནང་ཁུལ་དུ་གནོན་ཤུགས་ཆེན་པོ་སླེབས་པ་སོགས་ཀྱིས་མཐའ་མཇུག་སྲིད་བློན་མཱེ་རང་གི་ལས་གནས་ནས་དགོངས་པ་ཞུ་དགོས་བྱུང་། ད་ལྟ་ཁོ་མོའི་ཚབ་དེར་བྷོ་རི་སི་ཇཱོན་སན་དང་དབྱིན་ཇིའི་ཕྱི་སྲིད་བློན་ཆེན་འཇར་མཱི་ཧན་ཊི་གཉིས་ལ་འོས་ཤོག་འཕངས། ཇཱོན་སན་ལ་འོས་ཤོག་བརྒྱ་ཆ་༦༦་དང་གྲངས་ཆུང་༦་དང་ཧན་ཊི་ལ་འོས་ཤོག་བརྒྱ་ཆ་༣༤་ཙམ་གྱི་ཁྱད་ཤོར་བྱུང་སྟེ་བྷོ་རི་སི་ཇཱོན་སན་འོས་ཤོག་གྲངས་མང་ཐོབ། དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱ་རྒྱུར་མི་དམངས་ཀྱིས་མང་མོས་འོས་འདེམས་བྱུང་མོད། འོན་ཀྱང་ད་ལྟའི་བར་དུ་དངོས་གཞིའི་གྲོས་མཐུན་ཞིག་འཇོག་ཐུབ་མེད་ཅིང་། ཡུ་རོབ་མཉམ་འབྲེལ་གྱིས་དབྱིན་ཇིའི་གཞུང་གིས་དངོས་གཞིའི་མཐའ་མའི་ཐག་གཅོད་ནི་ལོ་འདིའི་སྤྱི་ཟླ་༡༠་པའི་ཚེས་༣༡་གི་སྔོན་ལ་བྱ་དགོས་པའི་རེ་བ་བཏོན་ཡོད་པ་ལྟར་བྷོ་རི་སི་ཇཱོན་སན་གྱིས་དེའི་སྔོན་ལ་གྲོས་མཐུན་ཞིག་བཞག་ནས་གནད་དོན་ཐག་གཅོད་བྱེད་ཐུབ་པའི་ཁས་ལེན་བྱས་ཡོད་པ་རེད

དེ་བཞིན་དབྱིན་ཡུལ་གྱི་སློབ་གསོ་དང་ཉེན་རྟོག་སྡེ་ཚན། རྨང་གཞིའི་སྒྲིག་ཆས་སོགས་ལ་འགྱུར་བ་གཏོང་རྒྱུ་དང་དབྱིན་ཡུལ་གྱི་མི་ཚང་མས་མཐུན་སྒྲིལ་བྱས་ཏེ་རྒྱལ་ཁབ་སྟོབས་འབྱོར་ལྡན་པ་ཞིག་ཏུ་གཏོང་རྒྱུ་ཡིན་པའི་ཁས་བླངས། ཁོ་པ་ད་ལྟའི་བར་དུ་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱ་རྒྱུར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་མཁན་ཞིག་དང་དབྱིན་ཇིའི་ཕྱི་འབྲེལ་དང་རྒྱལ་དོན་བློན་ཆེན་གྱི་ཕྱག་ལས་གནང་བཞིན་པའི་སྐབས་སུ་དབྱིན་ཇིའི་སྲིད་བློན་ཊེ་རི་ས་མཱེ་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱ་རྒྱུ་དེར་འདོད་པ་ཆེན་པོ་མེད་མཁན་གྱི་སྲིད་བློན་ཞིག་ལ་ངོས་འཛིན་བྱས། སྤྱི་ལོ་༢༠༡༨་ལོའི་ཕྱི་ཟླ་༧་པའི་ནང་དུ་སྲིད་བློན་མཱེའི་སྲིད་གཞུང་གི་འགོ་ཁྲིད་ཆེ་ཁག་ལ་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱ་རྒྱུའི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱ་དགོས་པའི་འབོད་སྐུལ་བྱས་པར་བརྟེན། ཁོ་ཚོ་དབྱིན་ཇིའི་སྲིད་གཞུང་གི་ཁོངས་ནས་དགོངས་པ་ཞུས། དེ་ནས་དབྱིན་ཇིའི་ཕྱི་འབྲེལ་དང་རྒྱལ་དོན་བློན་ཆེན་གྱི་འགན་ཁུར་བཞེས་བཞིན་པའི་བྷོ་རི་སི་ཇཱོན་སན་ཡང་རང་གི་ལས་གནས་ནས་དགོངས་པ་ཞུས། ད་ལྟ་ཁོང་གིས་སྲིད་བློན་གྱི་ལས་འགན་འཁུར་རྒྱུར་ཐག་གཅོད་བྱུང་བའི་སྐབས་འདིར་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱ་ཐབས་སུ་དམིགས་བསལ་གྱི་འཐབ་ཇུས་གང་ཞིག་འཛིན་དགོས་མིན། ༢༠༡༢་ལོར་ཁོ་པ་མུ་མཐུད་དུ་དབྱིན་ཇིའི་སྲིད་བློན་དུ་འོས་འདེམས་བྱ་ཐུབ་མིན། དབྱིན་ཇི་དང་ཨ་རིའི་འབྲེལ་བ། དབྱིན་ཇི་དང་རྒྱ་ནག་གི་འབྲེལ་བ་གང་འདྲ་ཞིག་འཛིན་མིན་སོགས་ནི་གསར་འགྱུར་བརྒྱུད་ལམ་ཁག་གིས་གླེང་གཞི་གཙོ་བོ་ཞིག་ཏུ་གྱུར་འདུག

XS
SM
MD
LG