ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་གི་སྲིད་བློན་ཟུར་པ་ལི་ཕིང་འདས་གྲོངས།


༄༅།། རྒྱ་ནག་གི་སྲིད་བློན་ཟུར་པ་ལི་ཕིང་ལོ་ན་༩༡་ཐོག་ཏུ་འདས་གྲོངས་སུ་གྱུར། ཁོ་པ་༡༩༨༩་ལོར་གནམ་བདེ་སྒོ་མོ་ཆེའི་ཐང་དུ་སློབ་ཕྲུག་ཚོས་སྤེལ་བའི་དམངས་གཙོའི་ལས་འགུལ་ལ་དྲག་གནོན་གྱི་སྲིད་ཇུས་ལག་ལེན་བསྟར་མཁན་གཙོ་གྲས་སུ་གྱུར། ལི་ཕིང་ནི་རྒྱ་ནག་གི་དམར་ཤོག་གི་སྲིད་བློན་དང་པོ་ཀྲུག་ཨེན་ལེའི་གསོ་ཕྲུག་ལྟ་བུ་ཞིག་ཡིན་པ་དང་ཨུ་རུ་སུར་བཟོ་རིག་སློབ་སྦྱོང་དུ་བསྐྱོད་ནས་ལོ་མང་རིང་རྒྱ་ནག་གི་བཟོ་གྲྭ་ཞིག་ཏུ་སྲི་ཞུ་བསྒྲུབས། རིམ་བཞིན་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་གཞན་ཚོའི་བུ་ཕྲུག་ལྟར་ལི་ཕིང་ཡང་རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་འགོ་ཁྲིད་གྲས་སུ་ཚུད།

༡༩༨༧་ལོར་རྒྱ་ནག་གི་ཆེས་མཐོའི་འགོ་ཁྲིད་ཏིན་ཞའོ་ཕིང་གིས་ལི་ཕིང་རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་འགོ་ཁྲིད་གྲས་སུ་བསྐོ་བཞག་བྱས་ནས་བཟུང་སྟེ་༢༠༠༣་བར་དུ་རྒྱ་ནག་དམར་ཤོག་གི་མི་རབས་གསུམ་པའི་འགོ་ཁྲིད་ཀྱི་གྲས་སུ་རྒྱ་ནག་གི་སྲིད་བློན་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཚོགས་གཙོ་བཅས་ཀྱི་གོ་གནས་བཟུང་། ལི་ཕིང་རྒྱ་ནག་དམར་ཤོག་ཚོགས་པའི་མི་རབས་གསུམ་པའི་མཐོ་རིམ་འགོ་ཁྲིད་གཙོ་གྲས་དང་གལ་གནད་ཆེ་བའི་མི་ཞིག་ཏུ་ཆགས། འོན་ཀྱང་༡༩༨༩་ལོར་རྒྱ་ནག་གཞུང་གིས་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་དྲག་གནོན་བྱས་པས་ལི་ཕིང་ལ་གནམ་བདེ་སྒོ་མོ་ཆེའི་ཐང་གི་སློབ་ཕྲུག་དམར་གསོད་པ་དང་ལག་དམར། གནམ་བདེ་སྒོ་མོ་ཆེའི་ཐང་གི་བཤན་པ་ཞེས་ངན་གྲགས་རྒྱས།

༡༩༨༩་ལོར་རྒྱ་ནག་གི་སློབ་ཕྲུག་ཚོས་དམར་ཤོག་ཚོགས་པ་གཅིག་གིས་སྲིད་དབང་འཛིན་པའི་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ལ་སྒྱུར་བཅོས་གཏོང་དགོས་ཞེས་ངོ་རྒོལ་གྱི་ལས་འགུལ་སྤེལ། ལི་ཕིང་གིས་རྒྱལ་ཁབ་ཀྱི་ཞི་བདེ་བརྟན་ལྷིང་དང་གུང་ཁྲན་ཏང་གི་སྲིད་དབང་སྒེར་འཛིན་རྒྱུན་འཁྱོངས་བྱེད་པར་གནམ་བདེ་སྒོ་མོ་ཆེའི་ཐང་ལ་དྲག་པོའི་ཁྲིམས་གཞི་བསྡམས་དགོས་པའི་བཀའ་རྒྱ་བསྒྲགས། རྒྱ་ནག་གཞུང་གིས་གནམ་བདེ་སྒོ་མོ་ཆེའི་ཐང་ལ་དམག་བཏང་ནས་སློབ་ཕྲུག་ཚོར་དྲག་གནོན་བྱ་དགོས་པ་དེར་ལི་ཕིང་གིས་ནུས་པ་ཆེན་པོ་བཏོན།

དུས་རབས་སྔོན་མའི་ལོ་རབས་༨༠་པའི་མགོ་སྟོད་དེར་ཧུ་ཡའོ་པང་དང་ཀྲའོ་ཙི་དབྱང་གིས་རྒྱ་ནག་ལ་སྒྱུར་བཅོས་ཀྱི་སྲིད་ཇུས་ཤིག་ལག་ལེན་བསྟར་ནས་ཡར་རྒྱས་ཀྱི་རྣམ་པ་ཞིག་ཤར། ཡིན་ནའང་ཏིན་ཞའོ་ཕིང་དང་ཁྲེན་ཡུན་སོགས་རྒྱ་ནག་གི་འགོ་ཁྲིད་རྒན་རབས་པ་ཚོས་ཧུ་ཡའོ་པང་དང་ཀྲའོ་ཙི་དབྱང་གཉིས་སྔ་རྗེས་སུ་གནས་དབྱུང་བཏང་སྟེ་ཅང་ཙེ་མིན་དང་ལི་ཕིང་སོགས་རྒྱ་ནག་གི་འགོ་ཁྲིད་ལ་བསྐོ་བཞག་བྱས་པས་རྒྱ་ནག་གི་དཔལ་འབྱོར་སྒྱུར་བཅོས་དང་ཕྱི་ལ་སྒོ་འབྱེད་པའི་སྲིད་ཇུས་ལ་འགོག་རྐྱེན་འཕྲད་མེད་ཀྱང་རྒྱ་ནག་གི་ཆབ་སྲིད་ལ་སྒྱུར་བཅོས་གཏོང་རྒྱུ་དེར་འགོག་རྐྱེན་འཕྲད།

རྒྱ་ནག་གི་སྲིད་བློན་ཟུར་པ་འདས་པོ་ལི་ཕིང་ནི་༡༩༢༨་ལོའི་ཕྱི་ཟླ་༡༠་པའི་ཚེས་༢༠་ཉིན་རྒྱ་ནག་གི་སི་ཁྲོན་ཞིང་ཆེན་གྱི་རྒྱལ་ས་ཁྲེང་ཏུའུ་གྲོང་ཁྱེར་དུ་སྐྱེས། ཁོ་པའི་ཨ་ཕ་ལི་ཧྲུག་ཞུན་ནི་རྩོམ་པ་པོ་ཞིག་ཡིན་པར་མ་ཟད། ༡༩༢༧་ལོར་གོ་མིན་ཏང་གི་དབང་སྒྱུར་ལ་གྱེན་ལོག་བྱས་པའི་ལས་འགུལ་དུ་ཞུགས། ༡༩༣༠་ལོར་གོ་མིན་ཏང་གིས་ལི་ཧྲུག་ཞུན་ལ་སྲོག་ཁྲིམས་བཅད་དེ་བསད། དེ་ནས་རྒྱ་ནག་དམར་ཤོག་གི་མཐོ་རིམ་འགོ་ཁྲིད་ཀྲུག་ཨེན་ལེ་དང་ཆུང་མ་ཏིང་དབྱིང་ཁྲའོ་གཉིས་ཀྱིས་ལི་ཕིང་ལ་བདག་པོ་བརྒྱབ་ནས་གསོ་ཕྲུག་ཏུ་ཉར།

ལི་ཕིང་གི་གཞུང་འབྲེལ་མི་ཚེའི་ལོ་རྒྱུས་ནང་དུ་ཁོ་པ་ཀྲུག་ཨེན་ལེའི་གསོ་ཕྲུག་རེད་ཅེས་སྐད་ཆ་ཞིག་སྒྲོགས་ཀྱི་ཡོད་པ་བདེན་པ་མིན། ང་དང་ཀྲུག་ཨེན་ལེ་དང་ཨ་མ་ཏིང་དབྱིང་ཁྲའོ་བཅས་ཀྱི་འབྲེལ་བ་ནི་གསར་བརྗེའི་གྲོགས་པོ་རྙིང་པ་དང་གསར་བརྗེའི་སྔོན་གཤེགས་དཔའ་བོ་ཞིག་གི་ཤུལ་ལུས་བུ་ཕྲུག་གི་འབྲེལ་བ་ཞིག་ཡིན་ཞེས་ལི་ཕིང་གིས་རང་ཉིད་ཀྲུག་ཨེན་ལེའི་གསོ་ཕྲུག་རེད་ཟེར་པའི་སྐད་ཆ་དེར་དགག་པ་བརྒྱབ།

རྒྱ་ནག་གི་དྲུག་བཞིའི་ལས་འགུལ་རྗེས་སུ་ལི་ཕིང་ལ་ཁྲིམས་བཤེར་བྱ་དགོས། ཁོ་པར་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་དྲག་གནོན་བྱས་པའི་ལན་ཁག་ཡོད། རྒྱ་ནག་གཞུང་གིས་ངེས་པར་དུ་ལོ་རྒྱུས་ཀྱི་ཉེས་ཅན་པ་ཚོར་ཁྲིམས་གཅོད་བྱ་དགོས་ཞེས་རྒྱལ་ཁབ་ཕྱི་ནང་གཉིས་སུ་རྒྱ་ནག་གཞུང་ལ་སྙན་ཞུ་རབ་དང་རིམ་པ་ཞིག་ཕུལ་རུང་རྒྱ་ནག་དམར་ཤོག་གི་མི་རབས་བཞི་པའི་འགོ་ཁྲིད་ཧུའུ་ཅིན་ཐའོ་ཡི་དུས་སྐབས་དང་། རྒྱ་ནག་དམར་ཤོག་གི་མི་རབས་ལྔ་པའི་འགོ་ཁྲིད་ཞིས་ཅིན་ཕིང་གི་དུས་སྐབས་སུའང་ལི་ཕིང་ལ་ཁྲིམས་བཤེར་མ་བྱས་པར་ཉལ་ས་དྲོན་པོའི་ནང་དུ་མི་ཚེ་མཐའ་འཁྱོལ་ཡོད་པ་རེད།།

XS
SM
MD
LG