ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་གིས་ཐེ་ཝན་མཚོ་འགག་ཏུ་དམག་སྦྱོང་།


༄༅།། རྒྱ་ནག་གི་མཚོ་དམག་དང་གནམ་དམག་གིས་ཐེ་ཝན་མཚོ་འགག་ཏུ་དམག་སྦྱོང་ཆེན་པོ་ཞིག་བྱེད་ཀྱི་ཡོད་ཅིང་། དམག་སྦྱོང་དེ་ཨ་མི་རི་ཀས་ཐེ་ཝན་ལ་ཨ་སྒོར་དུང་ཕྱུར་༢༢་ཀྱི་མཚོན་ཆ་བཙོངས་པ་དང་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་ཨ་མི་རི་ཀའི་ནེའུ་ཡོཀ་གྲོང་ཁྱེར་དུ་འབབ་སྡོད་བྱས་པར་རྒྱ་ནག་གིས་ཁོང་ཁྲོའི་རྣམ་འགྱུར་སྟོན་གྱི་ཡོད་པ་ཞིག་ཡིན་རུང་ཨ་མི་རི་ཀར་དཀྲོག་རྐྱེན་མི་སློང་བའི་ཆེད་དུ་དམག་སྦྱོང་དེ་རྒྱུན་ལྡན་ཞིག་ཡིན་ཞེས་བཀྲལ། དཔེར་ན་རྒྱ་ནག་གི་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པས་རྒྱ་ནག་གིས་སྐམ་མཚོ་གཉིས་ནས་ལྷོ་ཤར་མཚོ་ཐོག་ཏུ་དམག་སྦྱོང་བྱེད་ཀྱི་ཡོད་པ་ནི་རྒྱུན་ལྡན་ཞིག་ཡིན། རྒྱ་ནག་གིས་ལོ་ལྟར་དམག་སྦྱོང་འདིའི་རིགས་བྱེད་བཞིན་ཡོད་ཅེས་བཤད།

པེ་ཅིང་དུ་གནས་འཁོད་དམག་དོན་ཉམས་ཞིབ་པ་ཀྲུའུ་ཁྲེན་མཱིང་ཞེས་པ་ཞིག་གིས་རྒྱ་ནག་གི་ལྷོ་ཤར་མཚོ་འགྲམ་དུ་ཀྲེ་ཅང་དང་ཧྥུ་ཅན་ཞིང་ཆེན་གཉིས་ཆགས་ཡོད། རྒྱ་ནག་གི་ཞིང་ཆེན་དེ་དག་ཤར་རྒྱ་ནག་རྒྱ་མཚོ་དང་ཐེ་ཝན་མཚོ་འགག་ལ་འབྲེལ་ཡོད། ད་ཐེངས་ཀྱི་དམག་སྦྱོང་དེར་རྒྱ་ནག་གི་སྐམ་མཚོ་གནམ་གསུམ་གྱི་དཔུང་སྡེ་ཁག་དང་འཕུར་མདེལ་རུ་ཁག ད་དུང་འཐབ་ཇུས་རྒྱབ་སྐྱོར་དཔུང་སྡེ་བཅས་པ་མཉམ་ཞུགས་བྱས་ནས་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་མཉམ་འབྲེལ་དམག་འཐབ་ཀྱི་ནུས་ཤུགས་གོང་བུ་གཅིག་གྱུར་བྱེད་པའི་དམག་སྦྱོང་ཞིག་རེད་ཅེས་བཤད། ཧོང་ཀོང་གི་རྨ་བྱ་བརྙན་འཕྲིན་ཁང་གི་དམག་དོན་ཉམས་ཞིབ་པ་སུང་ཀྲུང་ཕིང་གིས་མི་དམངས་བཅིངས་འགྲོལ་དམག་གི་དམག་སྦྱོང་དེའི་སྲུང་སྐྱོབ་བྱ་ཡུལ་དང་ཕར་རྒོལ་བྱ་ཡུལ་གྱི་དམིགས་འབེན་ཁོངས་སུ་ཀྲེ་ཅང་དང་ཧྥུ་ཅན་ཞིང་ཆེན་གྱི་ཉེ་འཁོར་དུ་ཆགས་པའི་གླིང་ཕྲན་ཁག་དང་བྲག་རི་ཁག ཐེ་ཝན་དང་ཉི་ཧོང་གི་ཨོ་ཁི་ན་ཝ་གླིང་ཕྲན་དུ་འཛུགས་སྐྲུན་བྱེད་ཡོད་པའི་ན་ཧ་དམག་གི་གནམ་ཐང་བཅས་འདུས་འདུག རྒྱ་ནག་གི་དམག་སྦྱོང་དེས་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གཅིག་པུར་སྡིགས་ར་སྐུལ་གྱི་ཡོད་པ་ཞིག་མིན་པ་འདྲ། ཨ་མི་རི་ཀ་དང་ཉི་ཧོང་ལའང་རྒྱ་ནག་གིས་རྣམ་འགྱུར་སྟོན་གྱི་ཡོད་པའི་རྣམ་པ་ཞིག་འདུག ལྷག་པར་དུ་རྒྱ་ནག་གི་འཐབ་ཇུས་རྒྱབ་སྐོར་དཔུང་སྡེ་མཉམ་ཞུགས་བྱས་ཡོད་པ་དེ་ལ་བལྟས་ན་རྒྱ་ནག་གི་གནམ་དམག་དང་མཚོ་དམག་གིས་མདེའུ་ངོ་མ་རྒྱག་སྲིད། རྒྱ་ནག་གི་འཕུར་མདེལ་རུ་ཁག་གིས་ཀྱང་དུས་མཉམ་དུ་གླིང་ཕྲན་ཁག་ཅིག་ལ་གཏོར་རྒོལ་བྱེད་ཐུབ་པའི་དམག་སྦྱོང་བྱ་སྲིད་ཅེས་འགྲེལ་བཤད་བརྒྱབ་འདུག

རྒྱ་ནག་གི་ཀྲེ་ཅང་ཞིང་ཆེན་དུ་རྟེན་གཞི་བཅས་ཡོད་པའི་དམག་སྡེ་ཨང་༧༢་པས་མཚོ་འགྲམ་ནས་སྐམ་སར་དཔུང་འཇུག་བྱས་ནས་ནང་སར་འཛུལ་ཐབས་ཀྱི་དམག་སྦྱོང་བྱེད་ཀྱི་ཡོད་པར་མ་ཟད། རྒྱ་ནག་གི་དམག་སྦྱོང་ཐེངས་སྔོན་མ་ཁག་དང་མ་འདྲ་བར་མཚོ་འགྲམ་ནས་སྐམ་སར་དཔུང་འཇུག་གི་དམག་སྦྱོང་འདི་གཞི་རྒྱ་ཆེ་ཞིང་། ཁེ་ན་ཌའི་དམག་དོན་དུས་དེབ་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ཨན་ཌི་རི་ཆང་ཞེས་པ་ཞིག་གིས་ཀྲེ་ཅང་ཞིང་ཆེན་གྱི་དམག་སྡེ་ཨང་༧༢་པ་ནི་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་དམག་སྡེ་རྩེ་ཕུད་ཀྱི་གྲས་ཤིག་རེད། ༢༠༡༦་ལོར་ཞིས་ཅིན་ཕིང་གིས་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་གྲངས་འབོར་ཉུང་འཕྲི་བྱས་ཀྱང་དམག་སྡེ་ཨང་༧༢་པར་འགྱུར་བ་མ་བཏང་བར་རང་སོར་བཞག་འདུག རྒྱ་ནག་གི་རྒྱལ་སྲུང་ལྷན་ཁང་གིས་བསམ་བཞིན་དམག་སྦྱོང་འདི་རྒྱུན་ལྡན་ཡིན་ཟེར་གྱི་ཡོད་པ་ནི་ཨ་མི་རི་ཀར་དཀྲོག་རྐྱེན་མི་སློང་བ་དང་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་འགག་ཡོད་པ་འཕྲོ་སྐྱོང་ཐུབ་ཐབས་ཤིག་ཡིན་སྲིད་ཅེས་བཀྲལ། པེ་ཅིང་གི་དམག་དོན་ཉམས་ཞིབ་པ་གཞན་ཞིག་གིས་ཀྱང་རྒྱ་ནག་གི་འགོ་ཁྲིད་ཚོས་ཐེ་ཝན་མཚོ་འགག་ཅེས་མ་བསྒྲགས་པར་ལྷོ་ཤར་མཚོ་ཐོག་གི་དམག་སྦྱོང་དང་རྒྱུན་ལྡན་གྱི་དམག་སྦྱོང་ཞེས་མིང་བཏགས་ཡོད་པ་ཨ་མི་རི་ཀར་དཀྲོག་རྐྱེན་མི་སློང་བའི་དོན་དུ་རེད་ཅེས་ཁེ་ན་ཌའི་དམག་དོན་དུས་དེབ་ཀྱི་སྤྱི་ཁྱབ་རྩོམ་ཨན་ཌི་རི་ཆང་གི་ཚོད་དཔག་ལ་རྒྱབ་སྐྱོར་གྱི་ལྟ་ཚུལ་བརྗོད་འདུག

རྒྱ་ནག་གི་དམག་སྦྱོང་འདི་ལོ་རྗེས་མའི་ཐེ་ཝན་གྱི་སྤྱི་ཡོངས་འོས་འདེམས་ལ་དམིགས་ཡོད་པ་ཞིག་ཀྱང་ཡིན་སྲིད། རྒྱ་ནག་གཞུང་གིས་ཐེ་ཝན་གྱི་སྲིད་འཛིན་ལས་ཐོག་ཚེ་དབྱིན་ཝེན་དང་རང་བཙན་གྱི་ལངས་ཕྱོགས་འཛིན་པའི་གཞུང་འབྲེལ་མི་སྣ་ཚོར་ཐེ་ཝན་རང་བཙན་ལ་མདུན་ལམ་མེད་པ་དང་རྒྱ་ནག་གི་བཟོད་སྒོམ་ལ་མཚམས་ཚིགས་ཤིག་ཡོད་པ་སྟོན་ཐབས། རྒྱ་ནག་གིས་ཐེ་ཝན་ལ་ཅི་ཙམ་དམག་གིས་སྡིགས་ར་སྐུལ་ན་དེ་ཙམ་གྱིས་ལོ་རྗེས་མའི་འོས་འདེམས་སྐབས་སུ་ཐེ་ཝན་མི་དམངས་ཀྱིས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་དགོས་པ་དང་མཚོ་འགག་ཕྱོགས་གཉིས་རྒྱ་ནག་གཅིག་གི་མངའ་ཁོངས་སུ་འདུ་དགོས་པའི་ལངས་ཕྱོགས་འཛིན་མཁན་སྲིད་འཛིན་གྱི་འོས་མི་ཞིག་ལ་འོས་ཤོག་འཕེན་དུ་འཇུག་ཐུབ་པའི་རྩིས་རྒྱག་གི་ཡོད་ཅིང་། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་དམག་སྦྱོང་འདིའི་དམིགས་ཡུལ་གཞན་ཞིག་ནི་གཟའ་འཁོར་སྔོན་མར་ཨ་མི་རི་ཀས་ཐེ་ཝན་ལ་ཨ་སྒོར་དུང་ཕྱུར་༢༢་ཀྱི་མཚོན་ཆ་གསར་པ་བཙོངས་པ་དང་། ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ནེའུ་ཡོཀ་གྲོང་ཁྱེར་དུ་འཛམ་གླིང་རྒྱལ་ཁབ་ཁག་གི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་བཞུགས་སྐུ་ཚབ་ཚོར་སྣེ་ལེན་བྱས་པར་རྒྱ་ནག་གིས་མ་དགའ་བའི་རྣམ་འགྱུར་སྟོན་གྱི་ཡོད་པ་རེད་ཅེས་ཉམས་ཞིབ་པ་ཚོས་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

གཟའ་འཁོར་སྔོན་མར་ཨ་མི་རི་ཀས་ཐེ་ཝན་ལ་ཨ་སྒོར་དུང་ཕྱུར་༢༢་ཀྱི་མཚོན་ཆ་བཙོངས་པ་དེ་དག་གི་གྲས་སུ་མཚོ་ཁ་འགོག་སྲུང་གི་ལྕགས་ཁྲབ་འཁོར་ལོ་༡༠༨་དང་ཕྲག་འཕེན་མེ་ཤུགས་འཕུར་མདེལ་༢༥༠་ཐམ་པ། ད་དུང་ཐེ་ཝན་གྱི་དམག་ལ་མཁོ་ངེས་ཀྱི་དམག་དོན་ཡོ་བྱད་ཁག་ཅིག་འདུས་ཀྱང་ཐེ་ཝན་གྱི་གནམ་དམག་ལ་མཁོ་བའི་ཨེབ་༡༦་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་ཐོན་གསར་བཙོང་རྒྱུ་དེར་ཨ་མི་རི་ཀས་ཆོག་མཆན་བཀོད་མེད་པ་དང་། ཐེ་ཝན་ལ་མཚོན་ཆ་དང་དམག་དོན་ཡོ་བྱད་ཕྱིར་ཚོང་བྱེད་མཁན་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་ལ་རྒྱ་ནག་གིས་ཚོང་འབྲེལ་བཅད་ནས་ཉེས་ཆད་བཙན་འགེལ་བྱ་རྒྱུའི་ཐག་གཅོད་བྱས་འདུག རྒྱ་ནག་གི་དམག་དོན་དཔྱད་ཞིབ་པ་ཡེ་ཀང་གིས་མི་དམངས་བཅིངས་འགྲོལ་དམག་གི་དམག་སྦྱོང་འདི་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་ཨ་རིའི་ནེའུ་ཡོཀ་གྲོང་ཁྱེར་ལ་འབབ་སྡོད་བྱེད་དུ་བཅུག་པ་དང་ཨ་མི་རི་ཀས་ཐེ་ཝན་ལ་མཚོན་ཆ་བཙོངས་པར་ཆེད་དུ་དམིགས་པ་ཞིག་རེད། གལ་སྲིད་ཐེ་ཝན་གྱིས་མུ་མཐུད་དུ་གཅིག་གྱུར་ལ་འགོག་རྒོལ་བྱས་ན་འཆི་ལམ་ཉག་གཅིག་ལས་འགྲོ་ས་མེད་པ་སྟོན་ཐབས་ཤིག་རེད་ཅེས་བཤད།

XS
SM
MD
LG