ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བལ་ཡུལ་དང་ལྷོ་ཨེ་ཤི་ཡར་ཆུ་ལོག་གི་དཀའ་ངལ།


༄༅།། ད་ལོའི་ཆར་ཞོད་འགོ་ཚུགས་པའི་རྗེས་སུ་བལ་ཡུལ་དང་རྒྱ་གར། བྷང་ག་ལ་སོགས་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་མི་རྒྱུ་ཟོག་གསུམ་ལ་གནོད་འཚེ་ཚབས་ཆེན་འཕོག་གི་ཡོད་ཅིང་། འདས་པའི་ཉིན་ཤས་རིང་བལ་ཡུལ་ལ་ཆུ་ལོག་བརྒྱུགས་ནས་ཉུང་མཐར་ཡང་མི་༦༠་ལྷག་ལ་སྲོག་སྐྱོན་དང་མི་༣༠་ལྷག་གར་སོང་ཆ་མེད་དུ་གྱུར་བ་ངེས་གཏན་བྱུང་། ད་སྔ་བལ་ཡུལ་གཞུང་གིས་ཆུ་ལོག་དང་ས་རུད་སོགས་ཀྱི་དཀའ་ངལ་འོག་ནས་མི་༢༥༠༠་ལྷག་སྐྱོབ་ཐུབ་ཡོད་ཀྱང་བལ་ཡུལ་གྱི་དམག་དང་དྲག་ཆས་ཉེན་རྟོག་པ། དབུས་གཞུང་གི་ཉེན་སྐྱོབ་ལས་ཁུངས་ཁག་གི་ཉེན་སྐྱོབ་པ་ཚོས་མི་མང་གར་སོང་ཆ་མེད་དུ་གྱུར་པ་དང་ལམ་འགགས་ནས་སྐྱོབ་ལེན་བྱེད་ཀྱི་མེད་པ་རྣམས་ཉེན་སྐྱོབ་ཐུབ་ཐབས་སུ་འབུངས། ཁང་པ་ཆུ་ལོག་གིས་བསྣུབས་པའི་བལ་ཡུལ་གྱི་མི་མང་ཕོན་ཆེན་ཞིག་ལ་ཁང་ཁྱིམ་འཛུལ་ས་དང་འཐུང་ཆུ་གཙང་མ། སྨན་དང་མལ་གདན་བཅས་ཀྱི་མཐུན་རྐྱེན་མེད་པར་དཀའ་ངལ་གྱི་གནས་སུ་ལྷུང་།

བལ་ཡུལ་གྱི་ས་མཚམས་སུ་ཆགས་པའི་རྒྱ་གར་གྱི་བྷི་ཧར་མངའ་སྡེར་ཆུ་ལོག་བརྒྱུགས་ནས་མི་༡༤་ལ་སྲོག་སྐྱོན་ཕོག་ཀྱང་བྷི་ཧར་མངའ་སྡེའི་གོད་ཆག་གདོང་ལེན་ཁང་གི་མཐོ་རིམ་ལས་སྣེ་ཨམ་རི་ཐི་ཞེས་པ་ཞིག་གིས་བྷི་ཧར་མངའ་སྡེར་མི་ལ་སྲོག་སྐྱོན་བྱུང་བའི་གྲངས་འབོར་ནི་འཕར་སྣོན་འགྲོ་རྒྱུ་ཉག་ཅིག་ཡིན། ཆུ་ལོག་འཇམ་པའི་རྗེས་སུ་མི་རྒྱུ་ཟོག་གསུམ་ལ་གནོད་འཚེ་ཅི་ཙམ་ཕོག་ཡོད་མེད་ཤེས་ངེས་རེད། བྷི་ཧར་མངའ་སྡེར་རྫོང་ཁག་༡༢་ཡོད་པ་དང་མི་འབོར་ས་ཡ་༡༩་དང་ཕྱེད་ཀ་ལྷག་ཡོད། མི་གྲངས་༤༦༠༠༠་ཡས་མས་ཤིག་གནས་སྐབས་ཀྱི་སྡོད་སྒར་ཁག་ལ་སྤོར་དུ་བཅུག་ཡོད། ཆུ་ལོག་བརྒྱུག་ཡུལ་ཁག་ལ་དབུས་གཞུང་དང་མངའ་སྡེའི་གཞུང་གི་གོད་ཆག་གདོང་ལེན་པ་རྣམས་བཀྲམ་ཟིན་ཡོད་ཅེས་བཤད། རྒྱ་གར་གྱི་བྷི་ཧར་མངའ་སྡེར་དཔལ་འབྱོར་འཕེལ་རྒྱས་དང་རང་བྱུང་ཐོན་སྐྱེད། ལས་ཀ་སོགས་ཀྱི་གོ་སྐབས་དེ་ཙམ་མེད་པས་རྒྱ་གར་གྱི་མངའ་སྡེ་ཁག་གཞན་དང་མ་འདྲ་བར་ཆུ་ལོག་དང་ཐན་པ་སོགས་ཀྱི་གནོད་འཚེ་རྟག་ཏུ་འབྱུང་གི་ཡོད་པ་རེད།

ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་བྷང་ག་ལའི་གྲོང་གསེབ་ཁག་གི་མི་གྲངས་༤༠༠༠༠་ལྷག་ལ་ཆུ་ལོག་གི་གནོད་འཚེ་ཕོག བྷང་ག་ལའི་གོད་ཆག་གདོང་ལེན་ལྷན་ཁང་གི་བློན་ཆེན་ར་ཧ་མན་གྱིས་ལོ་འདིའི་ཆུ་ལོག་ནི་ཧ་ཅང་གི་ཚབས་ཆེན་ཞིག་ཡིན་པ་དང་རྒྱ་གར་གྱི་ཆུ་བོ་མང་དག་ཅིག་བྷ་ག་ལ་བརྒྱུད་ནས་རྒྱུག་གི་ཡོད། དེར་བརྟེན་ཆར་ཞོད་ཅི་ཙམ་ཆེ་ན་དེ་ཙམ་གྱིས་བྷང་ག་ལའི་ཆུ་བོ་རྣམས་བྲུག་སྟེ་ཆུ་ལོག་བརྒྱུག་རྒྱུ་ཆོས་ཉིད་རེད་ཅེས་བཤད། ཡིན་ནའང་རྒྱ་གར་དང་བྷང་ག་ལ་སོགས་ལ་བལ་ཡུལ་ལྟར་ཆུ་ལོག་གི་གནོད་སྐྱོན་དེ་ཙམ་ཕོག་མེད། བལ་ཡུལ་གྱི་རྒྱལ་ས་ཀ་ཐེ་མན་རྡུ་དང་དེའི་ཉེ་འཁོར་གྱི་རི་གྲོང་ཁག རྒྱ་གར་གྱི་ས་མཚམས་སུ་ཆགས་པའི་བལ་ཡུལ་གྱི་ལྷོ་ཕྱོགས་ས་ཁུལ་ཁག་གི་ཁང་པ་དང་རྒྱ་ལམ། རླངས་འཁོར་སོགས་འདམ་ཆུའི་ནང་དུ་ཐིམ་སྟེ་ཡུལ་མི་ཁག་ཅིག་ཁང་པའི་ཐོག་ཏུ་འཛེགས་ནས་ཉེན་སྐྱོབ་པར་སྒུག་ཡོད་པ་དང་། བལ་བོ་ཁག་ཅིག་གིས་ཉེན་ཀར་མ་འཛེམས་པར་རྡོག་ཁྲེས་རེ་མགོ་ལ་ཁུར་ནས་ཆུའི་ནང་དུ་ཉེན་གཡོལ་ལ་བྲོས་འགྲོ་བཞིན་ཡོད་པའི་འདྲ་པར་དང་བརྙན་གཟུགས་རྣམས་གསར་འགྱུར་དང་དྲྭ་ལམ་ཀུན་ཏུ་ཁྱབ།

ད་སྔ་ཕན་ཆད་ལ་བལ་ཡུལ་རྒྱལ་ཡོངས་སུ་ཁྱིམ་ཚང་༡༦༥༢༠་ལྷག་གི་ཁང་པ་ཆུ་ལོག་གིས་བསྣུབས་ནས་ཆགས་ས་རྟེན་ས་མེད་པར་གྱུར། བལ་ཡུལ་གྱི་ཉེན་རྟོག་པ་ཚོས་ཆུ་ལོག་རྒྱུག་པའི་སྲང་ལམ་ཁག་ཏུ་འགྱིག་གི་གྲུ་ཆུང་བཏང་ནས་བྱིས་པ་དང་རྒན་རྒོན་རྣམས་ས་ཆ་སྐམ་སར་སྐྱོབ་ལེན་བྱེད་ཀྱི་ཡོད་པ་དང་། བདུན་ཕྲག་སྔོན་མའི་གཟའ་ཕུར་བུ་ནས་བལ་ཡུལ་ལ་ལོ་རེའི་ཆར་ཞོད་དངོས་སུ་འགོ་ཚུགས་པས་བལ་ཡུལ་གྱི་ཆུ་བོ་ཐམས་ཅད་བྲུག ད་ནས་ཆུ་ཚོད་༤༨་ཀྱི་རིང་ལ་བལ་ཡུལ་ལྷོ་ཕྱོགས་ཀྱི་བྷ་ར་རྫོང་ལྟ་བུར་མཚོན་ན་ཆར་ཆུའི་མང་ཉུང་མཱི་ལི་མཱི་ཊར་༤༠༠་ལྷག་འབབ་རྒྱུ་ཡིན་པ་བར་སྣང་ནས་འཁོར་སྐར་གྱིས་རྟོག་ཞིབ་ཐུབ་པར་མ་ཟད། བལ་ཡུལ་གྱི་ནུབ་ཕྱོགས་སུ་ཆར་ཆུ་མཱི་ལི་མཱི་ཊར་༢༥༠་ཙམ་འབབ་རྒྱུའི་ཚོད་དཔག་བྱེད་ཐུབ། ལོ་རེའི་ཆར་ཞོད་ཀྱིས་བལ་ཡུལ་དང་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་མཁོ་ངེས་ཀྱི་ཆུའི་དགོས་མཁོ་སྐོང་ཐུབ་པ་ཇི་བཞིན་ཆུ་ལོག་བརྒྱུགས་ནས་རི་ཉིལ་བ་དང་ཆུ་འགག་པ། རྒྱ་ལམ་དང་ཟམ་པ་སོགས་ཆུ་ལོག་གིས་འཁྱེར་པ་དང་གློག་ཆད་ནས་མི་རྒྱུ་ཟོག་གསུམ་ལ་གནོད་འཚེ་ཆེན་པོ་འཕོག་གི་ཡོད་ཅིང་། ༢༠༡༧་ལོར་བལ་ཡུལ་ལ་ཆུ་ལོག་བརྒྱུགས་ནས་མི་༡༤༣་ཤི་བ་དང་ཁང་པ་༨༠༠༠༠་ལྷག་བསྣུབས། ༢༠༡༤་ལོར་བལ་ཡུལ་ལ་ཆུ་ལོག་བརྒྱུགས་ནས་མི་༡༠༠་ལྷག་ཤི་བ་དང་ཁྱིམ་ཚང་༡༧༠༠༠་ལྷག་ལ་ཆགས་རྟེན་མེད་པར་གྱུར།

རྒྱ་གར་གྱི་ཨ་སམ་དང་བྷི་ཧར། མ་ཧ་ར་ཤི་ཊི་ར་སོགས་མངའ་སྡེ་བཅུ་གྲངས་ཆུ་ལོག་བརྒྱུགས་ནས་ཟླ་བ་འདི་གཅིག་པུར་མི་བཅུ་ཕྲག་མང་པོར་སྲོག་སྐྱོན་ཕོག་སྟེ་མི་མང་གི་ཁང་ཁྱིམ་རྣམས་ཆུ་ལོག་གིས་བསྣུབས། སྔ་ལོ་གཅིག་པུར་རྒྱ་གར་གྱི་ལྷོ་ཕྱོགས་སུ་ཆགས་པའི་ཀེ་ར་ལ་མངའ་སྡེར་དུས་རབས་གཅིག་གི་ནང་དུ་བྱུང་མྱོང་མེད་པའི་ཆུ་ལོག་བརྒྱུགས་ནས་མི་༡༢༠༠་ལྷག་ཤི། རྒྱ་གར་གྱི་གནམ་གཤིས་བརྟག་དཔྱད་ཁང་གིས་གསར་འགྱུར་སྤེལ་བ་ལྟར་ན་ཆུ་མགོ་བོད་ལ་ཐུག་པའི་ཡར་ཀླུངས་གཙང་པོ་བྲུག་ནས་རྒྱ་གར་གྱི་ཨ་སམ་མངའ་སྡེ་གཅིག་པུའི་གྲོང་གསེབ་༡༨༠༠་ལྷག་ཆུ་ལོག་གིས་འཁྱེར་སྲིད། ཡར་ཀླུངས་གཙང་པོ་བྲུག་ནས་རྒྱ་གར་ཤར་ཕྱོགས་དང་བྷང་ག་ལ་སོགས་ཀྱི་མི་གྲངས་ས་ཡ་༡་དང་ཕྱེད་ཀ་ནས་མི་གྲངས་ས་ཡ་༢་ཡས་མས་ཤིག་ཆགས་རྟེན་མེད་པར་འགྱུར་རྒྱུའི་གནས་ཚུལ་ཐོན་འདུག ལྷག་པར་དུ་ཨ་སམ་མངའ་སྡེ་ཀ་ཟི་རན་གྷ་རྒྱལ་ཡོངས་སྤྱི་གླིང་གི་ས་ཁྱོན་བརྒྱ་ཆ་༨༠་ལྷག་ལ་ཆུ་ལོག་བརྒྱུགས། ཀ་ཟི་རན་གྷ་རྒྱལ་ཡོངས་སྤྱི་ནི་འཛམ་གླིང་གི་སྲོག་ཆགས་དཀོན་རིགས་བསེ་རུ་རྭ་གཅིག་ཅན་རྣམས་འཚོ་གནས་བྱ་ཡུལ་ཡིན་པས་རྒྱ་གར་གྱི་ཨ་སམ་མངའ་སྡེའི་བསེ་རུ་རྭ་གཅིག་མ་རྣམས་རྩ་སྟོང་འགྲོ་སྲིད་པའི་ཉེན་ཀ་འཕྲད་འདུག

XS
SM
MD
LG