ངོ་འཕྲད་བདེ་བའི་དྲ་འབྲེལ།

ཞིན་ཅང་གི་ལས་དོན་ཚོགས་འདུ་ཐེངས་༣་པ་འཚོགས་འཆར།


ཞིན་ཅང་དུ་རྒྱ་ནག་གཞུང་གིས་ཡུ་གུར་བ་གཙོས་ཁ་ཆེའི་ཆོས་ལུགས་ཀྱི་རྗེས་འཇུག་པ་ས་ཡ་གཅིག་ལྷག་བཀག་ཉར་ཁང་གི་ནང་དུ་བཅུག་ཡོད་པ་རྒྱལ་སྤྱིའི་སྟེང་དུ་ཡོངས་གྲགས་སུ་གྱུར། ཞིན་ཅང་གི་ས་ཆ་གང་སར་ལྟ་འཛིན་བརྙན་མིག་འཛུགས་པ་དང་མིའི་རྒྱུད་རྒྱུ་ཉར་ཚགས་བྱེད་པ། མི་རེ་རེའི་ངོ་ཐག་ཆོད་པའི་འཕྲུལ་ཆས་ཀྱི་མ་ལག་འཛུགས་པ་སོགས་ཀྱི་ཐབས་ཤེས་འདྲ་མིན་ལ་བརྟེན་ནས་ཡུ་གུར་བའི་འགྲོ་འདུག་རང་དབང་ལ་ཚོད་འཛིན་ནན་མོ་བྱེད་ཀྱི་ཡོད་ཅིང་། ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་ལ་གནོད་སྐྱོན་ཚབས་ཆེན་གཏོང་བཞིན་པའི་རྒྱུ་རྐྱེན་ལ་བརྟེན་ནས་ཉེ་བའི་ལོ་ངོ་འདི་དག་གི་རིང་ལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བྱེད་མཁན་གྱི་ཚོགས་པ་ཁག་དང་མི་སྒེར་པ་སོགས་ཀྱིས་ཞིན་ཅང་གི་གནད་དོན་ཐོག་ཏུ་རྒྱ་ནག་ལ་སྐྱོན་བརྗོད་དང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་དོ་སྣང་ཆེན་པོ་བྱུང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཞིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་ཤིག་གི་ངང་དུ་ཡོད་པའི་སྐབས་འདིར་ལོ་འདིར་དབྱར་དུས་རྒྱ་ནག་གཞུང་གིས་ཞིན་ཅང་གི་ལས་དོན་ཚོགས་འདུ་ཐེངས་གསུམ་པ་འཚོགས་ནས་ཞིན་ཅང་གི་ལས་དོན་ལ་གྲུབ་འབྲས་ཆེན་པོ་ཐོན་ཡོད་པའི་རྣམ་འགྱུར་སྟོན་སྲིད་ཅེས་ལྷོ་རྒྱ་ནག་ཞོགས་པའི་ཚགས་ཤོག་ལ་གསར་འགྱུར་ཞིག་བཀོད། རྒྱ་ནག་གཞུང་གིས་ཞིན་ཅང་ནི་རྒྱ་ནག་གིས་འཇིགས་སྐུལ་དྲག་སྤྱོད་པར་ངོ་རྒོལ་བྱ་སའི་འཐབ་ར་གཙོ་བོར་ངོས་བཟུང་ནས་ཡུ་གུར་བ་མང་པོར་དྲག་སྤྱོད་པ་དང་མི་རིགས་ཁ་བྲལ་བའི་ཉེས་མིང་བཏགས་ནས་མི་མང་པོ་བཙོན་འཇུག་དང་འགྲོ་འདུག་ལ་བཀག་སྡོམ། ད་ལོ་རྒྱ་ནག་གཞུང་གིས་འདས་པའི་ལོ་གཉིས་ལྷག་གི་རིང་ལ་ཞིན་ཅང་དུ་འཇིགས་སྐུལ་དྲག་སྤྱོད་ཀྱི་དོན་རྐྱེན་ཅི་ཡང་བྱུང་མེད་ཅེས་དམ་དྲག་གི་སྲིད་ཇུས་དེར་གྲུབ་འབྲས་ཆེན་པོ་ཞིག་ཐོན་ཡོད་པའི་དྲིལ་བསྒྲགས་བྱས་འདུག

ཞིན་ཅང་གི་ལས་དོན་ཚོགས་ཆེན་ཐེངས་གསུམ་པ་དེ་འཚོགས་པ་ཡིན་ན་རྒྱལ་སྤྱིའི་གནོན་ཤུགས་ཀྱི་འོག་ཏུ་ཞིན་ཅང་དུ་འཛིན་བཞིན་པའི་སྲིད་ཇུས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཐེབས་མིན་ཐད་དུའང་གླེང་སློང་བྱ་དགོས་པ་ཞིག་ཏུ་འགྱུར་སྲིད། ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཁོངས་རྒྱལ་ཁབ་ཉི་ཤུ་རྩ་གཉིས་ཀྱིས་ཐུན་མོང་གིས་གསལ་བསྒྲགས་ཤིག་སྤེལ་ནས་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བའི་ཐོབ་ཐང་ལ་བཙན་གནོན་བྱེད་བཞིན་པའི་བྱ་སྤྱོད་ལ་སྐྱོན་བརྗོད་དང་རང་སྣང་གང་དྲན་གྱི་སྒོ་ནས་ཡུ་གུར་བ་འཛིན་བཟུང་བཀག་ཉར་བྱེད་ཀྱི་ཡོད་པ་རྣམས་མཚམས་འཇོག་བྱ་དགོས་ཞེས་འབོད་སྐུལ་ཞུས་འདུག གསལ་བསྒྲགས་ཡི་གེ་དེར་དབྱིན་ཇི་དང་ཁེ་ན་ཌ། ཉི་ཧོང་བཅས་འདུས་པའི་རྒྱལ་ཁབ་ཉེར་གཉིས་ཀྱི་གཞུང་ཚབ་པ་ཚོས་མིང་རྟགས་བཀོད།

ཨ་རིའི་ནེའུ་ཡོཀ་གྲོང་ཁྱེར་གྱི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཅེས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་སོགས་ཀྱིས་ཀྱང་རྒྱབ་སྐྱོར་དང་བསྟོད་བསྔགས་ཆེན་པོ་བྱས་ཀྱང་ཁ་སང་སྤྱི་ཚེས་༡༡་ཉིན་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་གེང་ཧྲོང་གིས་གསལ་བསྒྲགས་དེ་དོན་དངོས་ཀྱི་གནས་སྟངས་ལ་རྒྱུས་མངའ་མེད་པར་རྒྱ་ནག་ལ་དམའ་འབེབས་དང་ཁ་རྡུང་གཏོང་གི་ཡོད་པ་ཞིག་རེད། འགྲོ་བ་མིའི་ཐོབ་ཐང་ནི་ཆབ་སྲིད་ལ་བསྒྱུར་ནས་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱ་རྒྱུའི་དམིགས་ཡུལ་འཆང་ཡོད་པར་ང་ཚོས་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་དགག་པ་བརྒྱབ་འདུག

རྒྱ་ནག་དབུས་གཞུང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྱི་ལོ་༢༠༡༠་ལོར་ཞིན་ཅང་གི་ལས་དོན་ཚོགས་འདུ་ཐེངས་དང་པོ་ཚོགས། ཚོགས་འདུ་དེའི་སྟེང་དུ་སྐབས་དེའི་རྒྱ་ནག་གི་གཙོ་འཛིན་ཧུའུ་ཅིན་ཐའོ་གཙོས་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་འཐུས་མི་ཚང་མ་མཉམ་ཞུགས་བྱས་ཤིང་། དེ་ནི་ཞིན་ཅང་ལ་༢༠༠༩་ལོའི་ཕྱི་ཟླ་༧་པའི་ཚེས་༥་ཉིན་ངོ་རྒོལ་ཆེན་པོ་ཞིག་བྱུང་ནས་ཟླ་བ་བཅུ་ཡས་མས་ཤིག་ཕྱིན་པའི་རྗེས་སུ་ཚོགས་ཡོད། ཞིན་ཅང་གི་ལས་དོན་ཚོགས་ཆེན་ཐེངས་གཉིས་པ་ནི་སྤྱི་ལོ་༢༠༡༤་ལོའི་ཕྱི་ཟླ་ལྔ་པའི་ནང་དུ་རྒྱ་ནག་གི་གཙོ་འཛིན་ཞིས་ཅིན་ཕིང་མཉམ་ཞུགས་ཀྱིས་ཚོགས། ཚོགས་འདུ་སྔ་རྗེས་གཉིས་ཀྱི་ནང་དོན་གཙོ་བོ་ནི་མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་གཅིག་གྱུར། མི་རིགས་ས་ཁུལ་ཡར་རྒྱུ་གཏོང་རྒྱུ་བཅས་གླེང་སློང་བྱས་འདུག

XS
SM
MD
LG