ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ།


སྤྱི་ཟླ་བདུན་པའི་ཚེས་༩་ཉིན་ནི་རྒྱ་ནག་གཞུང་གིས་སྤྱི་ལོ་༢༠༡༥་ཟླ་༧་པ་ནས་འགོ་བཙུགས་ཏེ་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བྱེད་མཁན་གྱི་ཁྲིམས་རྩོད་པ་མང་པོ་འཛིན་བཟུང་གིས་ཡོངས་གྲགས་སུ་༧་པའི་ཚེས་༩་ཉིན་གྱི་ཁྲིམས་རྩོད་པ་འཇུ་བཟུང་ཆེན་མོ་ཞེས་གྲགས། ལོ་ཧྲིལ་པོ་༤་འཁོར་བའི་དུས་དྲན་གྱི་ཉིན་མོའི་སྔ་རྗེས་སུ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བྱེད་མཁན་གྱི་ཁྲིམས་རྩོད་པར་རྒྱབ་སྐྱོར་དང་བཙོན་འོག་ཏུ་ཡོད་པའི་ཁྲིམས་རྩོད་པ་དག་ལ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་དང་བྱེད་སྒོ་ཁག་ཅིག་སྤེལ་བར་འཛམ་གླིང་ས་ཆ་གང་སར་མི་སྒེར་པ་དང་ཚོགས་པ་སོགས་མཉམ་ཞུགས་ཡོད་པ་རེད།

ཉེ་ཆར་སྤྱི་ཟླ་༧་པའི་ཚེས་༧་ཉིན་ཐེ་ཝན་དུ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པའི་དུས་ཆེན་ཐེངས་༣་པ་དང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པའི་གཟེངས་རྟགས་མཛད་སྒོ་ཐེངས་༢་པ་བཅས་སྤེལ། མཛད་སྒོ་འདི་ཧོང་ཀོང་དང་ཨ་རི། ཐེ་ཝན་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བྱེད་མཁན་གྱི་ཚོགས་པ་བཅུ་གྲངས་ཞིག་གིས་མཉམ་དུ་བསྒྲུབས། མཛད་སྒོའི་ཐོག་ཏུ་ལོ་འདིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པའི་གཟེངས་རྟགས་དེ་ཁྲིམས་རྩོད་པ་ཐང་ཅིན་ལིན་ལ་ཐོབ། ཐང་ཅིན་ལིན་གྱིས་སྤྱི་ལོི་༢༠༠༣་ལོ་ནས་མགོ་བརྩམས་ཏེ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བ་ཡོད་པའི་གྱོད་དོན་མང་པོའི་ཁྲིམས་རྩོད་པ་བྱས་པས་རྒྱ་ནག་གཞུང་གིས་ཁྲིམས་རྩོད་པའི་ལག་འཁྱེར་བརྩི་མེད་བཏང་བ་དང་དེའི་རྗེས་སུ་འཚེ་མེད་ཞི་བའི་སྒོ་ནས་རྒྱ་ནག་གི་སྲིད་དོན་ལྟ་བ་མི་མཐུན་པའི་ལས་འགུལ་གྱི་སྣེ་ཁྲིད་པ་བྱས་ལོ་མང་རིང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་དོན་དུ་འཐབ་རྩོད་བྱས་འདུག

སྤྱི་ལོ༢༠༡༤་ལོར་ཐང་ཅིན་ལིན་འཛིན་བཟུང་བྱས་ནས་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་ཐབས་བྱས་པའི་ཉེས་མིང་བཏགས་ནས་ལོ་ལྔའི་བཙོན་འཇུག་གི་ཁྲིམས་ཐག་བཅད། ད་ལོའི་སྤྱི་ཟླ་༤་པའི་ཚེས་༢༩་ཉིན་བཙོན་འཇུག་གི་དུས་ཡུན་ཚང་ནས་བཙོན་གྲོལ་ཐོབ། ཉེ་ཆར་ཁོ་པར་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པའི་གཟེངས་རྟགས་ཐོབ་པའི་སྐབས་སུ་ཐེ་ཝན་དུ་མཛད་སྒོ་དེར་དངོས་སུ་ཞུགས་ཐུབ་མེད་ཀྱང་མཛད་སྒོ་དེར་ཆེད་དུ་དམིགས་ནས་གཏམ་བཤད་ཅིག་བརྙན་འཇུག་བྱས་ནས་བསྐུར་ཡོད་ཅིང་། ཐང་ཅིན་ལིན་གྱིས་བཙོན་འཇུག་བྱེད་ཡོད་པའི་ཁྲིམས་རྩོད་པའམ། ཁྲིམས་རྩོད་ཀྱི་ཐོབ་ཐང་འཕྲོག་པའི་ཁྲིམས་རྩོད་པ། བཙན་བྱོལ་དུ་ཡོད་པའི་ཁྲིམས་རྩོད་པ་སོགས་སུ་ཞིག་ཡིན་རུང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་ལ་ཡུལ་དུས་ཀྱི་ཁྱད་པར་མེད་པར་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་ནུས་པ་འདོན་བཞིན་པ་འདིས་རྒྱ་ནག་ལ་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་ནུས་པ་ཆེན་པོ་ཐོན་ཡོད་ཅེས་བཤད།

ཧོང་ཀོང་གི་གནས་སྟངས་ཐད་ནས་ཀྱང་འཛམ་གླིང་གི་ས་ཆ་གང་སའི་མི་རྣམས་ཀྱིས་མུ་མཐུད་དུ་སྡུག་ནས་སྡུག་ཏུ་འགྲོ་བཞིན་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་འདིར་དོ་སྣང་བྱ་རོགས་ཞེས་འབོད་སྐུལ་ཞུས། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པའི་གཟེངས་རྟགས་ཐེངས་དང་པོ་དེ་ཁྲིམས་རྩོད་པ་ཀོ་ཀྲི་ཧྲིན་ལ་སྤྲད། དེང་སྐབས་ཁྲིམས་རྩོད་པ་དེར་མི་སུ་གཅིག་གིས་ཀྱང་འབྲེལ་གཏུག་བྱེད་ཐུབ་ཀྱི་མེད། ཐ་ན་འཆི་གསོན་ཅི་ཡིན་གྱི་གནས་སྟངས་ཀྱང་ཤེས་རྟོགས་དཀའ། གཞན་ཡང་ཁྲིམས་རྩོད་པ་ཅང་ཐན་ཡུང་གིས་ཀྱང་མཛད་སྒོ་འདིར་བརྙན་ལམ་ནས་གཏམ་བཤད་བྱས་འདུག ཁོ་པ་ལོ་འདིའི་སྤྱི་ཟླ་༢་པའི་ཚེས་༢༨་ཉིན་བཙོན་གྲོལ་ཐོབ། ད་ལྟའི་བར་དུ་ཟླ་བཞི་འགོར་ཀྱང་རང་ཁྱིམ་དུ་མུ་མཐུད་དེ་བཟང་བཙོན་དུ་བཅུག་ནས་གཞུང་གི་ཉེན་རྟོག་པས་ཆུ་ཚོད་༢༤་རིང་སྒོ་འགྲམ་དང་ཁང་པའི་ཉེ་འཁོར་དུ་སོ་ལྟ་བྱེད་ཀྱི་ཡོད་པས་ཁྱིམ་ནས་ངེས་པར་དུ་ཆོག་མཆན་ཐོབ་དགོས་པར་མ་ཟད། ཉེན་རྟོག་པའི་རླངས་འཁོར་དུ་བསྡད་ནས་འགྲོ་དགོས་པ་སོགས་བཙོན་གྲོལ་ཐོབ་ཀྱང་སྔར་བཞིན་བཙོན་པ་ལྟར་འཚོ་གནས་བྱ་དགོས་པའི་དཀའ་ངལ་འདུག་ཅེས་བཤད་དོ།།

XS
SM
MD
LG