ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

དབུས་ཨེ་ཤི་ཡ་དང་རྒྱ་ནག་གི་གསང་ཉུལ།


༄༅།།དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཁ་ཛཀ་སི་ཏན་གྱི་འགོ་ཁྲིད་ཚོས་ཕྱོགས་གཅིག་ནས་རྒྱ་ནག་ལ་དཔལ་འབྱོར་དང་ཚོང་འབྲེལ། རྒྱ་ནག་གིས་མ་རྩ་བཙུགས་ནས་ཚོང་ལས་གཉེར་རྒྱུ་གལ་ཆེན་དུ་བརྩིས་ནས་འབྲེལ་བ་བཟང་པོ་ཞིག་འཛིན་དགོས་པ་དང་། ཕྱོགས་གཞན་དེར་རྒྱ་ནག་གི་གསང་ཉུལ་རྣམས་དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་ཡོངས་སུ་ཁྱབ་སྟེ་རྒྱལ་ཁབ་དེ་དག་གི་གསང་བའི་གནས་ཚུལ་རྒྱ་ནག་གིས་རྐུ་འཁྱེར་བྱེད་ཀྱི་ཡོད་པ་འགོག་དགོས་པའི་དཀའ་ངལ་ཞིག་འཕྲད་འདུག ད་ལོའི་མགོ་སྟོད་དེར་ཁ་ཛཀ་སི་ཐན་གྱི་གསང་བའི་ལས་ཁང་གིས་ཨུ་རུ་སུའི་དུས་སྐབས་སུ་འཛུགས་སྐྲུན་བྱས་པའི་ཁང་པ་ཞིག་གི་ནང་དུ་རྒྱ་ནག་ལ་གསང་བའི་གནས་ཚུལ་མཁོ་སྤྲོད་བྱེད་མཁན་ཁ་ཛཀ་སི་ཐན་གྱི་མཐོ་རིམ་གཞུང་འབྲེལ་མི་སྣ་ཞིག་འཛིན་བཟུང་བྱས་ཤིང་། ཟླ་བ་འགའ་ཞིག་གི་རྗེས་སུ་ཁ་ཛཀ་སི་ཐན་གྱི་གཞུང་འབྲེལ་མི་སྣ་ཚོས་བསམ་བཞིན་རྒྱ་ནག་ལ་གསང་བའི་གནས་ཚུལ་མཁོ་སྤྲོད་བྱེད་མཁན་མཐོ་རིམ་གཞུང་འབྲེལ་མི་སྣ་དེ་འཛིན་བཟུང་བྱས་པ་ཡིན་ཞེས་གསར་འགྱུར་ལས་ཁང་ཁག་ལ་བསྒྲགས་ནས་རྒྱ་ནག་གི་གསང་ཉུལ་གྱི་ཤུགས་རྐྱེན་འགོག་ཐབས་བྱས་འདུག

ཁ་ཛཀ་སི་ཐན་གྱི་མཐོ་རིམ་གཞུང་འབྲེལ་མི་སྣ་སི་རོ་ཡེ་ཞི་ཀིན་ཞེས་པ་ནི་སྔོན་ཆད་ཨུ་རུ་སུའི་ཁེ་ཇཱི་བྷི་གསང་བའི་ལས་ཁང་གི་གསང་ཉུལ་ཡིན། ཁོ་པས་རྒྱ་ནག་གི་གསང་ཉུལ་ཞིག་ལ་ཁ་ཛཀ་སི་ཐན་གྱི་གསང་བའི་གནས་ཚུལ་མཁོ་སྤྲོད་བྱས་ཡོད་པ་རྩད་གཅོད་བྱུང་། ཉམས་ཞིབ་པ་ཚོས་ས་རྒྱ་ཆེ་ཞིང་རྡོ་སྣུམ་དང་རང་བྱུང་སོལ་རླངས་སོགས་ཀྱི་གཏེར་ཁས་རབ་ཏུ་ཕྱུག་པའི་དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཁ་ཛཀ་སི་ཐན་ལ་རྒྱ་ནག་གི་མ་རྩ་བཙུགས་ནས་ཚོང་ལས་གཉེར་རྒྱུ་མེད་ཐབས་མེད། འོན་ཀྱང་ཁ་ཛཀ་སི་ཐན་གཞུང་གིས་རྒྱ་ནག་ལ་གསང་བའི་གནས་ཚུལ་མཁོ་སྤྲོད་བྱེད་མཁན་ཞིག་འཛིན་བཟུང་བྱས་པ་ཡིན་ཞེས་ཡོངས་གྲགས་སུ་ཁྱབ་བསྒྲགས་བྱས་པར་གོ་དོན་གཅིག་ལས་མེད། དེ་ནི་ཁ་ཛཀ་སི་ཐན་གཞུང་གིས་རྒྱ་ནག་ལ་ཐལ་དྲགས་པའི་གསང་ཉུལ་གྱི་ལས་འགུལ་སྤེལ་རྒྱུ་དང་ཕྱོགས་གཉིས་ཀྱི་འབྲེལ་བར་གནོད་སྐྱོན་གཏོང་བའི་སོ་མྱུལ་བྱས་ན་དགེ་མཚན་མེད་ཅེས་བརྡ་ཞིག་བཏང་བ་མཚོན་ཐུབ་ཅེས་མོ་སི་ཀོའི་དཔལ་འབྱོར་ཉམས་ཞིབ་ཁང་གི་རྒྱ་ནག་མཁས་པ་ཝྭ་སི་ལི་ཁ་ཤིན་གྱིས་བཤད་འདུག

ཨུ་རུ་སུ་དམར་ཤོག་རྒྱལ་ཁབ་ཁ་འཐོར་སོང་བའི་གཞུག་གི་ལོ་ངོ་བཅུ་ཕྲག་མང་པོར་ཁ་ཛཀ་སི་ཐན་གྱི་འགོ་ཁྲིད་ཚོས་ཨུ་རུ་སུ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཕོག་ཐུག་མི་གཏོང་བའི་འབྲེལ་བ་སྙོམས་པོ་ཞིག་བཟུང་། ཡིན་ནའང་ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས། དམག་དོན་བཅས་ཀྱི་སྟོབས་ཤུགས་རྒྱས་ནས་ཁ་ཛཀ་སི་ཐན་དང་དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གིས་ཨ་མི་རི་ཀ་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་དང་སྔོན་མའི་གཙོ་བདག་རྙིང་པ་ཨུ་རུ་སུ། འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་གསར་པ་རྒྱ་ནག་བཅས་ཕྱོགས་གསུམ་ལ་བསྟུན་མཁས་ཀྱི་སྲིད་ཇུས་ཤིག་འཛིན་དགོས་བྱུང་འདུག ཟླ་བ་སྔོན་མར་འོས་འདེམས་བྱུང་བའི་ཁ་ཛཀ་སི་ཐན་གྱི་སྲིད་འཛིན་གསར་པ་ཏོ་ཀ་ཡེབ་ཀྱིས་ཀྱང་ཨུ་རུ་སུ་དང་རྒྱ་ནག ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་སྔར་བཞིན་འབྲེལ་བ་སྙོམས་པོ་ཞིག་འཛིན་རྒྱུ་ཡིན་ཞེས་བསྒྲགས། སྲིད་འཛིན་ཏོ་ཀ་ཡེབ་དབྱིན་ཇི་དང་རྒྱ་སྐད། ཨུ་རུ་སུའི་སྐད་བཅས་སྐད་ཡིག་གསུམ་ལ་བྱང་ཆ་ཡོད་པ་རེད།

ཉེ་ཆར་ཨ་རིའི་ཝོལ་སི་ཊི་རི་ཊི་ཚགས་པར་གྱི་གསར་འགོད་པས་སྲིད་འཛིན་ཏོ་ཀ་ཡེབ་ལ་བཅར་འདྲི་ཞུས་པར་རྒྱ་ནག་ནི་ཁ་ཛཀ་སི་ཐན་ལ་དམག་དོན་འཐབ་ཇུས་ཀྱི་ཟླ་གྲོགས་གལ་ཆེན་ཞིག་ཡིན། རྒྱ་ནག་དང་ཁ་ཛཀ་སི་ཐན་གཉིས་ལ་དཔལ་འབྱོར་དང་ཚོང་ལས་ཀྱི་འབྲེལ་བ་དམ་ཟབ་ཡོད། འདི་དང་དུས་མཚུངས་སུ་ང་ཚོས་རྒྱ་ནག་ལ་ཆབ་སྲིད་ཀྱི་འབྲེལ་བའང་ཤུགས་ཆེ་རུ་གཏོང་གི་ཡོད་ཅེས་བཤད། འོན་ཀྱང་ཁ་ཛཀ་སི་ཐན་གཞུང་གིས་རང་གི་མཐོ་རིམ་ལས་སྣེ་ཟུར་པ་སི་རོ་ཡེ་ཞི་ཀིན་ལ་གསང་ཉུལ་གྱི་ནག་ཉེས་བཙུགས་ནས་འཛིན་བཟུང་བྱས་པ་ཕྱོགས་གཉིས་ཀྱི་འབྲེལ་བ་གཏན་པོ་མེད་པར་མ་ཟད། དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་རྒྱ་ནག་གིས་ཕྱོགས་གང་ཐད་དུ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་དང་། རྒྱལ་ཁབ་དེ་ཚོར་རང་ཉིད་རྒྱ་ནག་གི་ཤུགས་རྐྱེན་འོག་ནས་ཐར་རྒྱུ་མིན་པའི་གཅིག་མཚུངས་ཀྱི་བློ་འཚབ་ཅིག་ཡོད་པ་གསལ་སྟོན་བྱུང་འདུག

ཁ་ཛཀ་སི་ཐན་ནི་རྒྱ་ནག་གི་ནུབ་ཕྱོགས་ནས་ཡུ་རོབ་བར་དུ་ཐུག་ཡོད་ཅིང་། ༢༠༡༣་ལོར་ཁ་ཛཀ་སི་ཐན་གྱི་ས་ཐོག་ཏུ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཚོང་ལས་ལ་ཁྱབ་བསྒྲགས་བྱས་ཡོད། སྔ་ལོ་གཅིག་པུར་ཁ་ཛཀ་སི་ཐན་གྱིས་རྒྱ་ནག་གི་གཞུང་གཉེར་དངུལ་ཁང་ཁག་ནས་ཨ་སྒོར་དུང་ཕྱུར་མང་པོ་བུ་ལོན་བསྐྱིས། ད་ལྟ་ཁ་ཛཀ་སི་ཐན་གྱི་གཞུང་འབྲེལ་མི་སྣ་ཚོས་རྒྱ་ནག་གིས་དཔལ་འབྱོར་དང་ཚོང་ལས་འབྲེལ་བ་བརྟན་པོ་ཡོད་པ་དེའི་གོ་སྐབས་བཟུང་ནས་ཁ་ཛཀ་སི་ཐན་གྱི་ཆབ་སྲིད་ཀྱི་ཐེ་གཏོགས་བྱ་ཐབས་བྱེད་བཞིན་འདུག ཁོ་ཚོས་རང་སྣང་གང་དྲན་གྱི་ལས་འགུལ་སྤེལ་གྱི་ཡོད་པས་ཁ་ཛཀ་སི་ཐན་གྱི་གཞུང་གིས་གསང་ཉུལ་ཞིག་འཛིན་བཟུང་བྱས་ནས་རྒྱ་ནག་ལ་བཅད་མཚམས་གསལ་སྟོན་བྱ་དགོས་པའི་རྣམ་འགྱུར་བསྟན་པའི་གསར་འགྱུར་ཐོན། རྒྱ་ནག་གཞུང་གིས་ཁ་ཛཀ་སི་ཐན་གྱི་མི་ཞིག་གིས་རྒྱ་ནག་ལ་གསང་བའི་གནས་ཚུལ་མཁོ་སྤྲོད་བྱས་ཡོད་མེད་སོགས་ལ་འགྲེལ་བཤད་གང་ཡང་བརྒྱབ་མེད་པ་རེད།།

XS
SM
MD
LG