ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༥/༠༣/༢༤

གོང་ས་སྐྱབས་མགོན་ཆེན་པོ་མཆོག་འདི་ལོ་དགའ་ལྡན་ལྔ་མཆོད་སྐབས་ལྷོ་ཕྱོགས་དགའ་ལྡན་དགོན་པར་ཞབས་སོར་འཁོད་རྒྱུ།


འདི་ལོ་བོད་ཟླ་བཅུ་པའི་ཚེས་༢༥ ཕྱི་ཟླ་༡༢་ཚེས་༢༡ སྟེ་དགའ་ལྡན་ལྔ་མཆོད་ཉིན་མོ་དེ་ནི་བོད་གངས་ཅན་ལྗོངས་སུ་དར་བའི་འཕགས་ཡུལ་གྱི་དཔལ་ན་ལེནྜའི་ཆོས་བརྒྱུད་ཆེན་པོ་བཞི་ཞེས་ཡོངས་སུ་གྲགས་པའི་ཡ་གྱལ་རི་བོ་དགེ་ལྡན་པའི་ཆོས་བརྒྱུད་ཀྱི་བསྟན་པའི་སྲོལ་བཏོད་པ་པོ་རྗེ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པ་མཆོག་དགོངས་པ་གཞན་དོན་དུ་གཤེགས་ནས་ལོ་ངོ་ ༦༠༠ ཧྲིལ་པོ་འཁོར་བའི་དངོས་གཞིའི་ཉིན་མོ་ཡིན་ཞིང་། དགའ་ལྡན་བླ་སྤྱིའི་ངོས་ནས་གོ་སྒྲིག་གནང་བའི་འོག་བཀའ་དྲིན་རྗེས་དྲན་གྱི་བྱེད་སྒོ་གཟབ་རྒྱས་ཤིག་བྱེས་ཀྱི་རི་བོ་དགེ་ལྡན་པའི་མ་དགོན་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྲུང་བརྩི་གནང་རྒྱུ་ཡིན་པ་དང་སྐབས་དེར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གདན་ཞུ་གསོལ་འདེབས་ཞུས་དོན་བཞིན་ཞལ་བཞེས་བཟང་པོ་ཐོབ་སྟེ་ད་ལྟའི་ཆར་སྐུ་མགྲོན་གཙོ་བོར་ཞབས་སོར་འཁོད་གནང་རྒྱུ་གཏན་ཁེལ་བྱུང་ཡོད་ཀྱང་ས་གནས་སུ་ཉིན་གྲངས་ག་ཚོད་བཞུགས་མིན་དང་མཛད་རིམ་ཁག་ད་ལྟའི་ཆར་གཏན་ཁེལ་བྱུང་མེད་སྐོར་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་སྐྱབས་རྗེ་མཁན་རིན་པོ་ཆེ་བྱང་ཆུབ་སངས་རྒྱས་མཆོག་གིས་འདི་ག་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་།།

གོང་ས་སྐྱབས་མགོན་ཆེན་པོ་མཆོག་ས་གནས་ལ་ཞབས་སོར་འཁོད་སྐབས་ཆོས་འབྲེལ་གྱི་མཛད་རིམ་ཁག་གོང་ས་མཆོག་གང་ཉིད་ནས་དགོངས་དཔྱད་གནང་སྟེ་གཏན་ཁེལ་གནང་རྒྱུ་དང་། དེ་མིན་གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྒྱལ་སྤྱིའི་རང་བཞིན་ལྡན་པའི་མཁས་པའི་བགྲོ་གླེང་ཆེན་མོ་ཞིག་འཚོག་གནང་རྒྱུ་མ་ཟད་རི་བོ་དགེ་ལྡན་པ་སྤྱིའི་ངོས་ནས་གོང་ས་མཆོག་ལ་རྗེ་ཙོང་ཁ་པའི་གཟེངས་རྟགས་ཤིག་འབུལ་རྒྱུ་དང་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་ཀྱི་མཛད་རིམ་བསྒྲིགས་ཡོད་སྐོར་ངོ་སྤྲོད་གནང་གི་འདུག

སྐབས་དེའི་མཛད་རིམ་ཁག་ནས་མཁས་པའི་བགྲོ་གླེང་དེར་གོང་ས་མཆོག་གིས་དམིགས་བསལ་ཐུགས་ཁུར་ཆེན་པོ་མཛད་བཞིན་ཡོད་པ་གསུང་གི་འདུག་ལ་མཁས་པའི་བགྲོ་གླེང་དེར་རྗེ་ཙོང་ཁ་པ་ཆེན་པོའི་མཛད་རྣམ་གཙོ་བོར་བྱས་པའི་བརྗོད་གཞི་གལ་གནད་ཅན་ཁག་ཅིག་ཡོད་པ་ངོ་སྤྲོད་གནང་གི་འདུག

སྤྱིར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགའ་ལྡན་ལྔ་མཆོད་དང་བསྟུན་རྗེ་ཙོང་ཁ་པའི་རྗེས་དྲན་མཛད་སྒོར་དགའ་ལྡན་དུ་ཞབས་སོར་འཁོད་པ་དང་ཆབས་ཅིག་རྗེ་ཙོང་ཁ་པའི་དངོས་སློབ་རྗེ་བྱམས་ཆེན་ཆོས་རྗེ་ཤཀྱ་ཡེ་ཤེས་མཆོག་གིས་རྗེ་ཙོང་ཁ་པའི་བཀའ་དགོངས་བཞིན་སེ་ར་ཐེག་ཆེན་གླིང་ཕྱག་བཏབ་སྟེ་ལོ་ངོ་ཧྲིལ་པོ་༦༠༠ འཁོར་བའི་རྗེས་དྲན་བྱེད་སྒོ་ཞིག་ཀྱང་སེ་ར་ཐེག་ཆེན་གླིང་དུ་སྲུང་བརྩི་གནང་རྒྱུ་ཡིན་པ་དང་དེའི་སྐུ་མགྲོན་གཙོ་བོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གདན་ཞུ་གསོལ་འདེབས་ཞུས་ཡོད་ཀྱང་ད་ལྟའི་ཆར་ཞབས་སོར་འཁོད་ཐུབ་མིན་དང་མཛད་རིམ་སོགས་གཏན་ཁེལ་གང་ཡང་བྱུང་མེད་པ་རེད་འདུག

XS
SM
MD
LG