ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཧོང་ཀོང་གི་ངོ་རྒོལ་བ་ཚོ་གྲོས་ཚོགས་སུ་འཛུལ་བ།


༄༅།། ཕྱི་ཟླ་༧་ཚེས་༡་ནི་ཧོང་ཀོང་གི་བདག་དབང་རྒྱ་ནག་གིས་རྩིས་ལེན་བྱས་ནས་ལོ་༢༢་འཁོར་བའི་དུས་དྲན་ཡིན་པ་དང་། དེ་རིང་གཟའ་ཟླ་བའི་ཉིན་ཧོང་ཀོང་གི་ན་གཞོན་ཚོས་འགོ་ཁྲིད་ནས་མི་མང་སྟོང་ཕྲག་མང་པོས་སླར་ཡང་ངོ་རྒོལ་བྱས་ནས་ཧོང་ཀོང་ས་གནས་སྲིད་གཞུང་གི་འཛུལ་སྒོ་དང་གྲོས་ཚོགས་ཀྱི་འཛུལ་སྒོའི་ཤེལ་སྒོ་བཅག ཧོང་ཀོང་གི་ཉེན་རྟོག་པས་གྲོས་ཚོགས་ཁང་དང་ས་གནས་སྲིད་གཞུང་གི་ལས་ཁུངས་ཁག་ལ་སྲུང་སྐྱོབ་བྱས་ནས་ངོ་རྒོལ་བ་ཚོ་ཡུན་རིང་བཀག་ཀྱང་མཐར་ཐུག་མི་ཚོགས་ཀྱིས་སྒོ་དང་ཤེལ་སྒོ་བཅག་ནས་ཧོང་ཀོང་གི་གྲོས་ཚོགས་སུ་འཛུལ་འདུག ཟླ་བ་སྔོན་མར་ཧོང་ཀོང་བ་ཚོས་རྒྱ་ལམ་བཀག་ནས་ངོ་རྒོལ་བྱས་པ་ལྟར་ཕྱི་ཟླ་༧་ཚེས་༡་ཉིན་ཡང་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་བ་ཚོས་གྲོས་ཚོགས་དང་ས་གནས་སྲིད་གཞུང་གི་ལས་ཁུངས་ཕྱི་ལོགས་ཀྱི་རྒྱ་ལམ་བཀག ཁ་སྔོན་ཕྱི་ཟླ་༦་ཚེས་༩་ཉིན་ཧོང་ཀོང་གི་ཉེན་རྟོག་པ་ཚོས་མཆི་སྦྱིན་དུག་རླངས་དང་འགྱིག་གི་མདེའུ། ཆུ་མདའ་བརྒྱབ་ནས་རྒྱ་ལམ་དེའི་ཐོག་གི་མི་མང་ངོ་རྒོལ་བ་རྣམས་ཁ་གཏོར་བཏང་རུང་དེའི་རྗེས་སུ་ཧོང་ཀོང་གི་ངོ་རྒོལ་བ་ཚོས་རྒྱ་ལམ་དེ་ཐེངས་གཅིག་བཀག ད་ལྟ་སླར་ཡང་ཧོང་ཀོང་བ་ཚོས་ས་གནས་སྲིད་གཞུང་དང་གྲོས་ཚོགས་ཕྱི་ལོགས་ཀྱི་རྒྱ་ལམ་ཡོངས་སུ་བཀག་འདུག

ཧོང་ཀོང་གི་ན་གཞོན་ཚོས་ཉེན་རྟོག་པར་རྒོད་འཛིང་བྱས་ཀྱང་མི་དམངས་བྱིངས་ཀྱིས་ཞི་བའི་སྒོ་ནས་ཁྲིམས་བྱོལ་བའམ། ཡང་ན་དོགས་ཅན་པ་རྣམས་རྒྱ་ནག་ལ་ཕྱིར་སློག་བྱ་དགོས་པའི་ཁྲིམས་གཞི་དེར་ངོ་རྒོལ་དང་ཧོང་ཀོང་ལ་དམངས་གཙོའི་ཐོབ་ཐང་ཆེ་རུ་གཏོང་དགོས་ཞེས་སྐད་འབོད་བྱས་འདུག ད་ལོའི་ཧོང་ཀོང་རྩིས་སྤྲོད་རྩིས་ལེན་གྱི་གཞུང་འབྲེལ་དུས་ཆེན་འདིར་དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་གྱུར་པའི་མི་མང་རྒན་གཞོན་བར་གསུམ་མཉམ་ཞུགས་བྱ་སྲོལ་ཡོད་པ་སྟེ། སྐྱེ་བོ་རྒན་རྒོན་དང་དར་མ། ན་གཞོན། བྱིས་པ་རྣམས་ཀྱང་ཕ་མ་ཚོས་གཉའ་ལ་ཁུར་ནས་ཧོང་ཀོང་གི་གོམ་བགྲོད་ལས་འགུལ་ལ་ཞུགས། ལོ་ལྟར་ཕྱི་ཟླ་༧་ཚེས་༡་ཉིན་ཧོང་ཀོང་གི་བདག་དབང་རྒྱ་ནག་གིས་རྩིས་ལེན་བྱས་པའི་དུས་དྲན་ཞིག་སྲུང་བརྩི་ཞུས་ནས་གོམ་བགྲོད་བྱ་སྲོལ་ཡོད་ཀྱང་༢༠༡༩་ལོ་འདིར་ཧོང་ཀོང་གི་གོམ་བགྲོད་དུས་ཆེན་སྐབས་སུ་མངའ་ཁུལ་དེར་རང་དབང་དགོས། སྲིད་སྐྱོང་ཁེ་རི་ལམ་རང་གི་ལས་གནས་ནས་གནང་བ་ཞུ་དགོས་ཞེས་སྐད་འབོད་བྱས་པ་དང་ཉེན་རྟོག་པ་ཚོས་ལག་ཐོགས་རྒྱང་བསྒྲགས་ནང་དུ་གྲོས་ཚོགས་དང་ས་གནས་སྲིད་གཞུང་གི་ལས་ཁུངས་སུ་གཏོར་རྒོལ་བྱེད་མི་ཆོག གལ་སྲིད་གྲོས་ཚོགས་དང་ས་གནས་སྲིད་གཞུང་ལ་གཏོར་རྒོལ་བྱེད་ན་ཉེན་རྟོག་པས་རྒོལ་ལན་སློག་རྒྱུ་ཡིན་ཞེས་ཧོང་ཀོང་གི་གྲོས་ཚོགས་མདུན་གྱི་མི་མང་ངོ་རྒོལ་བ་ཚོར་ཉེན་བརྡ་བཏང་ནས་ཟིང་འཁྲུག་བཀག་འདུག

ཧོང་ཀོང་གི་ན་གཞོན་ཚོས་ལྕགས་རྒྱུག་སོགས་ཀྱིས་གྲོས་ཚོགས་ཁང་དང་ས་གནས་སྲིད་གཞུང་གི་ཤེལ་སྒོ་བཅག་ཀྱང་ཧོང་ཀོང་གི་ཉེན་རྟོག་པས་དྲག་གནོན་བྱ་རྒྱུའི་ཉེན་བརྡ་བཏང་བ་ལས་དངོས་སུ་རྒོལ་རྡུང་བྱས་མེད། ཧོང་ཀོང་དང་རྒྱ་ནག་གི་ས་མཚམས་སུའང་མི་མང་ངོ་རྒོལ་བ་དང་ཉེན་རྟོག་པ་ཚོ་རྒོལ་འཛིང་ཐུག་ཀྱང་རྒྱ་ནག་གཞུང་གིས་ཐད་འཕུར་གནམ་གྲུ་རྔ་མར་རྒྱ་ནག་གི་རྒྱལ་དར་དང་ཧོང་ཀོང་གི་དར་ཆ་བཏགས་ནས་གྲོང་ཁྱེར་གྱི་མཁའ་དབྱིངས་སུ་ལྡིང་སྐོར་བརྒྱབ། བདུན་ཕྲག་སྔོན་མར་ཧོང་ཀོང་མི་དམངས་ཀྱིས་ཨ་སྒོར་འབུམ་༦་དང་ཁྲི་ཚོ་༤་ལྷག་འགྲོ་གྲོན་བཏང་སྟེ་ཨ་རིའི་ནེའུ་ཡོཀ་དུས་བབ་ཚགས་པར་སོགས་འཛམ་གླིང་གི་གསར་ཤོག་ཆེ་ཁག་གི་མདུན་ཤོག་ལ་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་བཅའ་ཁྲིམས་ཤིག་གཏན་འབེབས་བྱེད་དུ་འཇུག་གི་ཡོད་པར་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་༢༠་ཐམ་པའི་ཆེས་མཐོའི་འགོ་ཁྲིད་ཚོས་ངོ་རྒོལ་བྱེད་དགོས་ཞེས་རྩོམ་ཡིག་བཀོད། ལོ་ན་༢༩་ལ་སོན་པའི་ཊོ་ཎི་ལོ་ཞེས་པ་ཞིག་གིས་གསར་ཤོག་སོགས་ཀྱི་མདུན་ཤོག་ཏུ་དྲིལ་བསྒྲགས་ས་མིག་ཉོ་རྒྱུ་མི་དམངས་ཀྱི་བསམ་བློ་ཡིན་པ་དང་ང་ཚོས་མི་དམངས་ཀྱི་བསམ་བློ་ལག་ལེན་བསྟར་པ་ཙམ་ཡིན་ཞེས་བཤད། ཕྱི་ཟླ་༧་ཚེས་༡་ཉིན་ཊོ་ཎི་ལོ་མདུན་དུ་ཐོན་ནས་ཧོང་ཀོང་གི་ཉེན་རྟོག་པར་རྒོལ་འཛིང་བྱས་པ་དང་། ཁོ་པས་ང་རྒྱ་ནག་གི་ཁྲིམས་ལུགས་ལྟར་འཛིན་བཟུང་བྱེད་དུ་འཇུག་པ་ལས་དེ་རིང་རྒོལ་འཛིང་བྱས་ནས་རྨས་སྐྱོན་ཕོག་པ་དང་ཧོང་ཀོང་གི་ཁྲིམས་ལུགས་ལྟར་འཛིན་བཟུང་བྱེད་དུ་བཅུག་ན་དགའ། ད་ལྟ་ང་ཚོས་ཉི་མའི་ཚ་གདུག་ནང་དུ་ཧོང་ཀོང་གི་རང་དབང་དང་རང་སྐྱོང་གི་ཐོབ་ཐང་། ཧོང་ཀོང་གི་མདུན་ལམ་ཆེད་དུ་འཐབ་རྩོད་མ་བྱས་པར་གདམ་ཀ་གཞན་པ་མི་འདུག་ཅེས་བཤད།

གཟའ་ཟླ་བའི་ངོ་རྒོལ་ཁྲོམ་སྐོར་དུས་སུ་མི་དམངས་ངོ་རྒོལ་བ་དང་ཧོང་ཀོང་གི་ཉེན་རྟོག་པ་ཚོ་རྒོལ་འཛིང་ཐུག་སྟེ་མི་མང་གིས་ཉེན་རྟོག་པའི་གདོང་ལ་ཅི་ཡིན་མི་ཤེས་པའི་གཤེར་ཁུ་ཞིག་གཏོར་ནས་ཉེན་རྟོག་པ་༡༣་ལ་རྨས་སྐྱོན་ཕོག་སྟེ་སྨན་ཁང་དུ་འཁྱེར་དགོས་བྱུང་ཞིང་། རྒྱ་ནག་གཞུང་གིས་རྒྱ་ནག་རྒྱལ་ཡོངས་ལ་སྤྱི་ཚོགས་འབྲེལ་མཐུད་དྲྭ་ལམ་བཀག་ནས་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་རྣམས་རྒྱ་ནག་གི་ས་གནས་ཁག་ཏུ་ཁྱབ་ཐུབ་མེད་པར་མ་ཟད། རྒྱ་ནག་གི་ཝེ་པོ་དང་སྐད་འཕྲིན་སོགས་སྤྱི་ཚོགས་འབྲེལ་མཐུད་དྲྭ་ལམ་ཁག་ཏུ་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་སྐོར་གླེང་སློང་གཏན་ནས་བྱེད་དུ་འཇུག་གི་མེད་པ་ལྟར་རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁང་ཁག་གིས་ཀྱང་ཧོང་ཀོང་མི་དམངས་ཀྱི་ངོ་རྒོལ་ཁྲོམ་སྐོར་བྱེད་ཀྱི་ཡོད་པའི་གསར་འགྱུར་སྣ་གཅིག་བསྒྲགས་མེད་པ་དང་། ཧོང་ཀོང་གི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་མི་མང་ངོ་རྒོལ་བ་ཚོས་ཞི་བའི་སྒོ་ནས་ལས་འགུལ་སྤེལ་དགོས་ཞེས་འབོད་སྐུལ་ཞུས་ཀྱང་ན་གཞོན་ཚོས་གྲོས་ཚོགས་དང་ས་གནས་སྲིད་གཞུང་གི་ཤེལ་སྒོ་བཅག་ནས་གྲོས་ཚོགས་ཁང་དུ་བརྒྱུགས་ཡོད་པ་རེད།།

XS
SM
MD
LG