༄༅།། རྒྱ་ནག་གི་སྲིད་བློན་གཞོན་པ་དང་ཚོང་དོན་གྲོས་མོལ་འགོ་བ་ལིའུ་ཧེས་ཨ་རིའི་ཚོང་དོན་གྲོས་མོལ་འགོ་བ་དང་ཨ་རིའི་ནོར་སྲིད་དྲུང་ཆེ་གཉིས་ལ་ཁ་པར་ཐོག་ཏུ་བཀའ་མོལ་གནང་སྟེ། ཨ་མི་རི་ཀ་དང་རྒྱ་ནག་གི་ཚོང་དོན་གྲོས་མོལ་འཕྲོ་སྐྱོང་བྱ་རྒྱུའི་གྲོས་མཐུན་བྱུང་། གཟའ་འཁོར་འདིར་ཉི་ཧོང་གི་ཨོ་ས་ཁ་གྲོང་ཁྱེར་དུ་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་༢༠་ཐམ་པའི་ཆེས་མཐོའི་འགོ་ཁྲིད་ཚོའི་ལོ་འཁོར་ཚོགས་ཆེན་འཚོགས་ཀྱི་ཡོད་པ་དེའི་ཞོར་དུ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་དང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གཉིས་ཐུག་འཕྲད་གྲོས་མོལ་བྱ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། གཟའ་མིག་དམར་ཉིན་རྒྱ་ནག་གི་ཞིན་ཧྭ་གསར་འགྱུར་ལས་ཁང་གིས་ཨ་མི་རི་ཀ་དང་རྒྱ་ནག་གི་ཚོང་དོན་གྲོས་མོལ་བ་ཚོས་རང་རང་གིས་དཔལ་འབྱོར་དང་ཚོང་ལས་ལ་འཛིན་པའི་ལྟ་ཚུལ་རྣམས་གྲོས་མོལ་ལྷུག་པོ་བྱུང་ཡོད། རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་མུ་མཐུད་དུ་རྒྱུན་འཁྱོངས་བྱ་དགོས་པའི་མོས་མཐུན་བྱུང་ཡོད་ཅེས་གསར་འགྱུར་ཞིག་སྤེལ་འདུག
ཕྱི་ཟླ་༦ཚེས་༢༨་དང་༢༩་གཉིས་ལ་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་༢༠་ཐམ་པའི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་ལོ་འཁོར་ཚོགས་འདུ་འཚོགས་ཀྱི་ཡོད་པ་དང་། ཕྱི་ཚེས་༢༩་ཉིན་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་དང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གཉིས་ལོགས་སུ་ཐུག་འཕྲད་བྱས་ནས་ཕྱོགས་གཉིས་ཀྱི་ཚོང་དོན་གྲོས་མོལ་འགགས་ཟིན་པ་སླར་གསོ་ཡོང་ཐབས་སུ་གྲོས་མོལ་བྱ་རྒྱུ། ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོས་ཕྱོགས་གཉིས་ཀྱི་འགོ་ཁྲིད་རྣམ་པའི་གྲོས་མོལ་བརྒྱུད་དེ་ཚོང་ལས་ཆ་མཉམ་གྱི་གྲོས་མཐུན་ཞིག་འཇོག་ཐུབ་པའི་འབད་བརྩོན་བྱས་ནས་ཨ་རི་དང་རྒྱ་ནག་གི་ཚོང་དམག་མཇུག་བསྒྲིལ་ཐུབ་རྒྱུ་དེར་དམིགས་ཡོད། འདི་ནི་ཕྱོགས་གཉིས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་ལས་བཟོ་བའི་བདེ་སྡུག རིག་དངོས་བདག་དབང་བཅས་པ་སྲུང་སྐྱོབ་བྱ་དགོས་པའི་གནད་དོན་ཞིག་ཀྱང་ཡིན་ཞེས་བཤད།
འདས་པའི་ལོ་གཅིག་ཡས་མས་ཤིག་ལ་རྒྱ་ནག་དང་ཨ་མི་རི་ཀར་ཚོང་དམག་ལངས་ནས་ཕན་ཚུན་གྱི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༢༥་རེ་སྤར། ཨ་མི་རི་ཀས་སླར་ཡང་རྒྱ་ནག་གི་གློག་ཆས་དང་རྒྱུན་སྤྱོད་དངོས་ཟོག་སྟེ། ཨ་སྒོར་ཐེར་འབུམ་༣༠༠་ཐམ་པའི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༢༥་སྤར་དགོས་མིན་མང་ཚོགས་ལ་འདྲི་ཞིབ་བྱེད་ཀྱི་ཡོད་ཅིང་། གལ་སྲིད་ཨ་མི་རི་ཀའི་མང་ཚོགས་ཀྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་རྒྱུ་དེར་རྒྱབ་སྐྱོར་བྱས་ན་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་སྔར་ལས་ཇེ་སྡུག་ཏུ་འགྲོ་ཉེན་ཆེན་པོ་ཡོད། དེར་བརྟེན་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་དང་ཚོང་ལས་མཐུན་ཚོགས་ཁག་གིས་ཞིས་ཅིན་ཕིང་དང་ཌོ་ནལ་ཊམ་གཉིས་ཀྱི་ཐུག་འཕྲད་གྲོས་མོལ་སྐབས་སུ་ཕན་ཚུན་གྱི་དངོས་ཟོག་ལ་སྒོ་ཁྲལ་གསར་པ་མི་སྤར་རྒྱུའི་རེ་བ་འཆང་གི་ཡོད་པ་རེད།།
རྒྱ་ནག་གི་ཚོང་དོན་བློན་ཆེན་གཞོན་པ་ཝང་ཧྲུ་ཝེན་གྱིས་ཨ་རི་དང་རྒྱ་ནག་གི་ཚོང་དམག་མཇུག་བསྒྲིལ་དགོས་ན་ཕྱོགས་གཉིས་ཀས་གུ་བཤངས་བྱ་དགོས། ཕྱོགས་གཉིས་ཀས་འདྲ་མཉམ་གྱི་རྨང་གཞིའི་ཐོག་ཏུ་གྲོས་མོས་བྱས་ནས་གཅིག་གི་བདག་དབང་ལ་གཅིག་གིས་བརྩི་འཇོག་དང་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ཀྱི་ཁྲིམས་ལ་བརྩི་འཇོག་བྱ་དགོས། དེ་ལྟར་བྱུང་ན་ཕྱོགས་གཉིས་ཀར་ཁེ་ཕན་ཡོད་ཅེས་རྒྱ་ནག་གི་ལངས་ཕྱོགས་དེ་ཉིད་བསྐྱར་ཟློས་བྱས་འདུག ཉམས་ཞིབ་པ་ཚོས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་མཚམས་འཇོག་བྱ་ཐུབ་སྲིད་ཀྱང་རྒྱ་ནག་དང་ཨ་མི་རི་ཀ་གཉིས་ལ་འཕྲུལ་རིག་ལག་རྩལ་ཐོག་ཏུ་འགྲན་རྩོད་ཡོང་གི་ཡོད་པ་རྒྱུན་སྐྱོང་བྱས་ནས་ཤུགས་ཆེ་རུ་འགྲོ་རྒྱུ་ཉག་ཅིག་རེད་ཅེས་བཤད། བདུན་ཕྲག་སྔོན་མར་ཨ་རིའི་གཞུང་གིས་རྒྱ་ནག་ལ་རིམ་འདས་གློག་ཀླད་ཕྱིར་ཚོང་བྱེད་མཁན་ཨ་རིའི་བཟོ་ཚོང་ལས་ཁང་ལྔར་རྒྱ་ནག་ལ་ཚོང་འབྲེལ་འཛིན་མི་ཆོག་ཅེས་ཚོང་ལས་བཀག་སྡོམ་གྱི་ཐོ་གཞུང་དུ་བཀོད། དེའི་སྔོན་ལ་ཨ་མི་རི་ཀས་ཁ་པར་བཟོ་ཚོང་ལས་ཁང་ཁག་འགའ་ཞིག་ལ་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་ལ་ཁ་པར་གྱི་མ་ལག་ཕྱིར་ཚོང་བྱེད་མི་ཆོག་ཅེས་ཚོང་ལས་བཀག་སྡོམ་གྱི་ཐོ་གཞུང་དུ་བཀོད་ཡོད་པ་རེད།།