ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཧོང་ཀོང་གི་ངོ་རྒོལ་བ་༥་སྨན་ཁང་དུ་འཛིན་བཟུང་།


༄༅།། ཧོང་ཀོང་གི་ཁྲིམས་བྱོལ་བའམ། མི་སྣ་དོགས་ཅན་རྣམས་རྒྱ་ནག་སོགས་ལ་རྩིས་སྤྲོད་བྱ་རྒྱུའི་ཁྲིམས་གཞི་དེར་ངོ་རྒོལ་བྱེད་མཁན་མི་ལྔ་འཛིན་བཟུང་བྱས་པ་དང་མི་དེ་ཚོར་ངོ་རྒོལ་ལས་འགུལ་དུས་སུ་རྨས་སྐྱོན་ཕོག་ནས་སྤྱི་དམངས་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་པའི་སྐབས་སུ་འཛིན་བཟུང་བྱས་སོང་། ཧོང་ཀོང་གི་ཉེན་རྟོག་པ་ཚོས་མི་མང་ལ་འཇིགས་སྐུལ་བྱེད་ཀྱིན་འདུག་ཅེས་སྨན་ཁང་གི་ལས་སྣེ་ཚོ་དང་ཁྲིམས་ལུགས་ཀྱི་ཆེད་ལས་པ་ཚོས་གསར་འགོད་པ་ཚོར་བཤད་འདུག ཁོ་ཚོས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ནས་མི་གསུམ་རྒྱལ་མོ་ཨ་ལི་ཛ་བྷེ་ཐེའི་སྨན་ཁང་དུ་འཛིན་བཟུང་བྱས་སོང་། མི་གཅིག་ཀོང་ཝ་སྨན་ཁང་དང་མི་གཞན་པ་ཞིག་ཡན་ཐེ་སྨན་ཁང་དུ་འཛིན་བཟུང་བྱས་སོང་། མི་ལྔའི་ནང་གི་བཞི་ཟིང་འཁྲུག་བསླངས་པའི་དོགས་གཞིའི་འོག་ཏུ་འཛིན་བཟུང་བྱས་པ་དང་མི་གཅིག་ལ་ཁྲིམས་འགལ་གྱི་འདུ་འཛོམས་བྱས་པའི་ནག་ཉེས་བཙུགས་ནས་འཛིན་བཟུང་བྱས་སོང་། ཧོང་ཀོང་གི་ཉེན་རྟོག་པས་སྨན་ཁང་གི་ལས་སྣེ་དང་ནད་པ་ཚོར་སུན་གཙེར་བྱ་རྒྱུ་མཚམས་འཇོག་བྱ་དགོས། ནད་པར་སྨན་བཅོས་བྱེད་ཆོག་པའི་ཐོབ་ཐང་ཡོད་པར་བརྩི་འཇོག་བྱ་དགོས། ཉེན་རྟོག་པ་ཚོས་ཁྲིམས་མཐུན་གྱི་ཀུན་སྤྱོད་འཛིན་དགོས་ཞེས་ནན་བརྗོད་བྱས་འདུག

ཧོང་ཀོང་གི་སྨན་བཅོས་མཐུན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་ཨལ་ཧྥ་རེ་ཌི་ཝང་གིས་ཉེན་རྟོག་པ་ཚོས་སྨན་ཁང་གི་སྨན་བཅོས་དང་ནད་པའི་སྐོར་གྱི་གནས་ཚུལ་རྣམས་མཁོ་སྒྲུབ་མ་བྱས་གོང་དུ་ཉེན་རྟོག་པ་ཚོས་ཁྲིམས་ཁང་ལ་ཆོག་མཆན་ཞུ་དགོས་པ་སོགས་ཀྱི་ལས་འགན་བསྒྲུབ་དགོས་པ་རྣམས་ངེས་པར་དུ་བསྒྲུབ་དགོས། ཧོང་ཀོང་གི་ཁྲིམས་ལུགས་ནང་ཉེན་རྟོག་པ་ཡོང་ནས་གནས་ཚུལ་འདི་དང་དེ་འཁྱེར་ཤོག་ཅེས་བཀའ་གཏོང་ཆོག་གི་མེད་པ་གསལ་པོར་འཁོད་ཡོད། ཉེན་རྟོག་པ་ཚོས་ཀྱང་ངེས་པར་དུ་སྤྱི་ཚོགས་ཀྱི་སྒྲིག་ཁྲིམས་བརྩི་དགོས། གལ་སྲིད་ནད་པ་ཞིག་ལ་རང་གི་ལོ་རྒྱུས་བཤད་འདོད་མེད་ན་སྔོན་ལ་མི་དེར་འདྲི་གཅོད་བྱེད་ཆོག་པ་དང་འཛིན་བཟུང་བྱེད་ཆོག་པའི་ཁྲིམས་ཁང་གི་བཀའ་རྒྱ་བླངས་ནས་ནད་པ་དེའི་སྨན་བཅོས་ཀྱི་རྒྱབ་ལྗོངས་གནས་ཚུལ་ལེན་དགོས་ཞེས་བཤད། ཕྱི་ཟླ་༦་ཚེས་༡༢་ཉིན་ཧོང་ཀོང་གི་ཉེན་རྟོག་པ་ཚོས་མི་ཚོགས་ཁྲོད་དུ་མཆུ་སྦྱིན་དུག་རླངས་དང་འགྱིག་གི་མདེའུ། ཆུ་མདའ་བརྒྱབ་ནས་མི་མང་ལ་དྲག་གནོན་བྱས་ནས་མི་༧༦་ལ་རྨས་སྐྱོན་དང་མི་༣༢་འཛིན་བཟུང་བྱས་ཀྱང་ཕྱིས་སུ་མི་༨་ལ་ཆ་རྐྱེན་ཅི་ཡང་མེད་པར་གློད་གྲོལ་གཏོང་དགོས་བྱུང་འདུག

ཧོང་ཙི་དབྱིན་ནི་ཧོང་ཀོང་གི་སྨན་བཅོས་མཐུན་ཚོགས་ཀྱི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་འགན་འཛིན་ཡིན་ཞིང་། ཁོང་གིས་ཉེན་རྟོག་པ་ཁག་ཅིག་གིས་འདྲི་ཞིབ་བྱེད་ཆོག་པའི་ལག་འཁྱེར་མ་བསྟར་པར་སྨན་ཁང་གི་ལས་ཁུངས་ཁག་ཏུ་ཡོང་ནས་ལྐོག་ཉན་བྱེད་ཀྱིན་འདུག ཉེན་རྟོག་པ་ཁག་ཅིག་གིས་སྨན་ཞབས་པ་ཚོར་ནད་པའི་ལོ་རྒྱུས་འཁྱེར་ཤོག་ཅེས་སྡིགས་ར་སྐུལ་གྱིན་འདུག སྨན་ཞབས་པ་ཚོར་ལས་བྲེལ་ཆེ་བར་བརྩི་མེད་བཏང་ནས་ནད་པའི་རྒྱབ་ལྗོངས་ཀྱི་གནས་ཚུལ་རྣམས་བླངས་ཚེ། ནད་པ་ཉེན་རྟོག་པར་རྩིས་སྤྲོད་བྱས་པའི་ཁྲིམས་འགལ་བྱས་པའི་མཇུག་འབྲས་སྨིན་རྒྱུ་ཡིན་པར་བསམ་བློ་གཏོང་དགོས་ཐུག་གི་འདུག་ཅེས་བཤད་ཀྱང་ནད་པ་དང་སྨན་ཞབས་པའི་བདེ་འཇགས་ལ་བསམ་བློ་བཏང་ནས་སྨན་ཁང་གང་དུ་གནས་ཚུལ་དེ་འདྲ་འབྱུང་ཡོད་མེད་གསལ་པོར་བཤད་མེད་ཅིང་། ཧོང་ཀོང་གི་སྨན་བཅོས་མཐུན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་གྱིས་ཧོང་ཀོང་གི་སྨན་ཞབས་པ་ཚོར་སྔོན་ཆད་འཕྲད་མྱོང་མེད་པའི་གནོན་ཤུགས་ཆེན་པོ་ཞིག་ཐེབས་ཀྱི་ཡོད་པར་སྤྱི་དམངས་ཀྱིས་རྒྱུས་ལོན་བྱ་དགོས་ཞེས་འབོད་སྐུལ་ཞུས། ཧོང་ཀོང་གི་ཡར་ཐོན་ཁྲིམས་ལུགས་མཐུན་ཚོགས་ཀྱི་འགོ་ཁྲིད་ཀྱིས་ཉེན་རྟོག་པས་སྨན་ཁང་དུ་ནད་པ་ཚོར་འདྲི་ཞིབ་བྱས་ནས་དཔང་རྟགས་ཡིག་ཆ་མཁོ་སྒྲུབ་བྱས་པ་རྣམས་ཁྲིམས་བཤེར་དུས་སུ་རྩོད་པ་རྒྱག་གི་ཡིན། ཉེན་རྟོག་པ་ཚོས་སྨན་ཁང་མ་ཡིན་པའི་ས་གནས་གཞན་ཁག་ཏུ་བསྡུ་རུབ་བྱས་པའི་དཔང་རྟགས་ཁག་ཀྱང་དོགས་གནས་སུ་གྱུར་ཅེས་བཤད།།

གཟའ་ཉི་མའི་དགོང་མོར་ཧོང་ཀོང་གི་ཉེན་རྟོག་པ་ཚོས་རང་གི་རྩ་འཛིན་སྒྲིག་གཞི་དོན་ཚན་༥༠་པའི་ནང་དུ་བཙོན་འཇུག་གི་ཉེས་ཆད་འབབ་པའི་མི་སྣ་དོགས་ཅན་ཚོ་ཁྲིམས་ཁང་གི་བཀའ་འཁྲོལ་མེད་པར་སྨན་ཁང་ནང་དུ་འཛིན་བཟུང་དང་འདྲི་གཅོད་བྱེད་ཆོག་ཅེས་བཀོད་ཡོད་པ་ངོ་དེབ་ཏུ་བཀྲམ་ནས་ལུགས་མཐུན་ཡིན་པ་ར་སྤྲོད་བྱས་ཡོད་པ་སྟེ། ཛ་དྲག་ཉེན་སྐྱོབ་ཁང་དུ་འགྲེམ་འཇོག་བྱེད་ཡོད་པའི་ཉེན་རྟོག་པ་ཚོས་གྱོད་གཞི་དེ་ཚོར་ཞིབ་འཇུག་བྱེད་ཆོག ཡིན་ནའང་ནད་པ་གང་ཞིག་ལ་སྨན་བཅོས་དང་གཤག་བཅོས་བྱེད་ཀྱི་ཡོད་པར་ཉེན་རྟོག་པ་ཚོས་གཏན་ནས་བཀག་འགོག་བྱེད་ཀྱི་མེད། ཉེན་རྟོག་པ་ཚོས་ནད་པའི་ཐོབ་ཐང་དང་སྒེར་དོན་ལ་མཐའ་གཅིག་ཏུ་བརྩི་བཀུར་ཞུ་བཞིན་ཡོད་ཅེས་བཤད་འདུག རྒྱལ་མོ་ཨ་ལི་ཛ་བྷེ་ཐེའི་སྨན་ཁང་གི་མགྲིན་ཚབ་པས་སྨན་ཁང་དེས་སྒྲིག་ཁྲིམས་ལག་ལེན་བསྟར་ནས་ནད་པ་ཚོར་གང་བྱུང་འདྲི་ཞིབ་དང་འཛིན་བཟུང་བྱེད་དུ་འཇུག་རྒྱུ་མིན་ཞེས་བཤད། ཧོང་ཀོང་གི་ཁྲིམས་རྩོད་པ་ཚོས་ཉེན་རྟོག་པ་རྣམས་སྨན་ཁང་གི་དྲྭ་ལམ་དུ་ལྐོག་འཛུལ་བྱས་ནས་ནད་པའི་ལོ་རྒྱུས་རྣམས་རྐུ་འཁྱེར་བྱེད་ཀྱི་ཡོད་པའི་དཔང་རྟགས་སྟོན་རྒྱུ་ཡོད་ཅེས་བསྒྲགས་ཀྱང་ཧོང་ཀོང་ས་གནས་གཞུང་གིས་ཉེན་རྟོག་པ་ཚུད་པའི་གཞུང་གི་ལས་ཁུངས་ལ་ཛ་དྲག་གི་ཉེན་སྐྱོབ་ལས་དོན་ཆེད་དུ་སྨན་ཁང་གི་ནད་པའི་ལོ་རྒྱུས་རྣམས་ལྟ་ཀློག་བྱེད་ཆོག་པའི་དགོས་མཁོ་ཡོད་ཅེས་ལན་འདེབས་བྱས་འདུག


XS
SM
MD
LG