ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཌོ་ནལ་ཊམ་དང་མུན་ཅེ་དབྱིན་གཉིས་ས་མཚམས་སུ་ཕེབས་རྒྱུ།


༄༅།། ཨ་རིའི་སྲིད་འཛིན་སྔོན་མ་བྷིལ་ཁེ་ལིན་ཊོན་དང་འཇོར་ཇཱི་བྷུ་ཤི། བྷ་རཀ་ཨོ་བྷ་མ་ལྟར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ཡང་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་གྱི་ལྷན་དུ་ལྷོ་བྱང་ཀོ་རི་ཡའི་ས་མཚམས་སུ་གཟིགས་ཞིབ་ལ་ཕེབས་རྒྱུ། ཁོང་དང་ལྷོ་ཀོ་རི་ཡའི་སྲིད་འཛིན་གྱིས་མཉམ་འབྲེལ་ཞི་བདེའི་གསལ་བསྒྲགས་ཤིག་སྤེལ་རྒྱུ་དང་། སྲིད་འཛིན་ཌོ་ནལ་ཊམ་གྱིས་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་ཞི་བདེ་དང་གྲོས་མོལ་ལ་འགན་འཁྲི་ལེན་གྱི་ཡོད་ཅེས་ཨ་རིའི་མི་དམངས་ལ་བརྡ་ཞིག་གཏོང་འཆར་ཡོད་པའི་གནས་ཚུལ་ཐོན་འདུག གཟའ་མཇུག་འདིར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ལྷོ་ཀོ་རི་ཡར་ཕེབས་ནས་སྲིད་འཛིན་མུན་ཅེ་དབྱིན་ལ་ཐུག་འཕྲད་གྲོས་མོལ་བྱེད་ཀྱི་ཡོད་པ་སྟེ། ལྷོ་ཀོ་རི་ཡའི་གྱོ་ཐོག་སྔོན་པོའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཞིག་གིས་སྲིད་འཛིན་རྣམ་པས་ཀོ་རི་ཡའི་གླིང་ཟུར་ཧྲིལ་པོ་རྡུལ་ཕྲན་མཚོན་ཆ་མེད་པའི་བསྟི་གནས་ཤིག་ཏུ་བསྒྱུར་རྒྱུ་དང་གཏན་དུ་གནས་པའི་ཞི་བདེ་བརྟན་ལྷིང་ཞིག་བསྐྲུན་རྒྱུ། ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡའི་མཛའ་འབྲེལ་སྲ་བརྟན་གཏོང་ཐབས་བཅས་ལ་གྲོས་མོལ་ལྷུག་པོ་བྱ་འཆར་ཡོད་ཅེས་བསྒྲགས་འདུག ཕྱི་ཟླ་༦་ཚེས་༢༨་དང་༢༩་གཉིས་ལ་ཉི་ཧོང་གི་ཨོ་ས་ཁ་གྲོང་ཁྱེར་དུ་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་༢༠་ཐམ་པའི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་ལོ་འཁོར་ཚོགས་འདུ་འཚོགས་ཀྱི་ཡོད་ཀྱང་ཕྱི་ཚེས་༢༩་ཉིན་ཚོགས་ཆེན་མཇུག་བསྒྲིལ་པའི་རྗེས་སུ་སྲིད་འཛིན་ཌོ་ནལ་ཊམ་ཉི་ཧོང་ནས་ལྷོ་ཀོ་རི་ཡར་འཚམས་འདྲིར་ཕེབས་ཀྱི་ཡོད་པ་རེད།

ལྷོ་ཀོ་རི་ཡའི་སོལ་སློབ་གྲྭ་ཆེན་མོའི་ཀོ་རི་ཡའི་ཉམས་ཞིབ་ཁང་གི་སློབ་དཔོན་དབྱང་མུ་ཅིན་གྱིས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་ལྷོ་ཀོ་རི་ཡའི་སྲིད་འཛིན་མུན་ཅེ་དབྱིན་གཉིས་ལྷོ་བྱང་ཀོ་རི་ཡའི་ས་མཚམས་སུ་ཕེབས་ནས་བྱང་ཀོ་རི་ཡ་གཙོས་འཛམ་གླིང་ཁྱོན་ཡོངས་ལ་ཞི་བདེ་བརྟན་ལྷིང་དགོས་གལ་ཆེ་བའི་གསལ་བསྒྲགས་ཤིག་སྤེལ་རྒྱུའི་རྟགས་མཚན་འདུག ཨ་རིའི་སྲིད་འཛིན་དང་ལྷོ་ཀོ་རི་ཡའི་སྲིད་འཛིན་གཉིས་ཀྱིས་ཀོ་རི་ཡའི་གླིང་ཟུར་ཧྲིལ་པོ་རྡུལ་ཕྲན་མཚོན་ཆ་མེད་པའི་བསྟི་གནས་ཤིག་ཏུ་བསྒྱུར་རྒྱུ་དང་ཞི་བའི་སྲིད་གཞུང་ཞིག་འཛུགས་དགོས་པའི་ཤུགས་སྣོན་རྒྱག་རྒྱུའི་འབད་བརྩོན་བྱ་སྲིད་ཅེས་བཤད། ཞེང་ལ་སྤྱི་ལེ་༢༤་དང་རིང་ཚད་སྤྱི་ལེ་༢༢༥་ཡོད་པའི་ལྷོ་བྱང་ཀོ་རི་ཡའི་ས་མཚམས་དེ་ཉིད་༡༩༥༠་ནས་༥༣་བར་དུ་ལངས་པའི་ཀོ་རི་ཡའི་དམག་འཁྲུག་རྗེས་སུ་གསར་དུ་ས་རྟགས་འཐེན་པའི་གནས་སྐབས་ཀྱི་ས་མཚམས་ཤིག་ཡིན་ཞིང་། དུས་སྔོན་མའི་ལོ་རབས་༥༠་པར་ལངས་པའི་ཀོ་རི་ཡའི་དམག་འཁྲུག་དངོས་སུ་མཇུག་བསྒྲིལ་པའི་ཆིངས་ཡིག་ཅིག་འཇོག་ཐུབ་མེད་པས་དུས་ནས་དུས་སུ་ལྷོ་བྱང་ཀོ་རི་ཡ་གཉིས་ལ་དམག་འཁྲུག་འབྱུང་གྲབས་བྱེད་ཀྱི་ཡོད་ཅིང་། ༢༠༡༧་ལོར་སྲིད་འཛིན་ཌོ་ནལ་ཊམ་ལྷོ་ཀོ་རི་ཡར་འཚམས་འདྲིར་ཐེངས་དང་པོ་ཕེབས་པའི་སྐབས་སུ་ལྷོ་བྱང་ཀོ་རི་ཡའི་ས་མཚམས་སུ་གཟིགས་ཞིབ་ལ་ཕེབས་འཆར་ཡོད་ཀྱང་གནམ་གཤིས་འཚུབ་པོ་བྱུང་བའི་སྟབས་ཀྱིས་གཟིགས་ཞིབ་དེ་ཕྱིར་འགྱངས་བྱ་དགོས་བྱུང་ཡོད། སྐབས་དེར་ཕོ་བྲང་དཀར་པོའི་མགྲིན་ཚབ་པས་སྲིད་འཛིན་ཌོ་ནལ་ཊམ་ལྷོ་བྱང་ཀོ་རི་ཡའི་ས་མཚམས་སུ་གཟིགས་ཞིབ་ལ་ཕེབས་མ་ཐུབ་པར་བློ་ཕམ་ཆེན་པོ་བྱུང་སོང་ཞེས་བསྒྲགས།།

སྲིད་འཛིན་ཌོ་ནལ་ཊམ་ལྷོ་བྱང་ཀོ་རི་ཡའི་ས་མཚམས་སུ་གཟིགས་ཞིབ་ལ་ཕེབས་འཆར་ཡོད་པ་ནི་ལོ་རྗེས་མའི་ཨ་རིའི་སྲིད་འཛིན་འོས་འདེམས་ལ་དམིགས་པ་ཞིག་ཡིན། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་རིའི་རྒྱལ་ནང་གི་མི་དམངས་ལ་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱིས་དམག་འཁྲུག་རྒྱག་གྲབས་སུ་གྱུར་ཀྱང་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་ཛ་དྲག་གི་གནས་སྟངས་ཞི་འཇམ་དུ་བཏང་ནས་བདེ་ལ་བཀོད་ཡོད་ཅེས་ལག་རྗེས་བཞག་པའི་བཟང་མིང་ལེན་རྒྱུ། ཨ་རིའི་ཕྱི་སྲིད་དྲུང་ཆེས་སྲིད་འཛིན་ཌོ་ནལ་ཊམ་གྱིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་ཕྱག་བྲིས་ཤིག་བསྐུར་ཡོད། འཕྲིན་ཡིག་དེ་གཞི་རྩར་བཟུང་ནས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུ་དེར་ཨ་མི་རི་ཀ་དང་བྱང་ཀོ་རི་ཡ་གཉིས་ཀྱིས་འཕྲལ་དུ་གྲོས་མོལ་འཕྲོ་སྐྱོང་བྱེད་ཐུབ་པའི་ཁོར་ཡུག་ཅིག་བསྐྲུན་ཡོད་ཅེས་བསྒྲགས། ཁ་སང་གཟའ་ཉི་མར་བྱང་ཀོ་རི་ཡའི་གཞུང་གིས་ཀིམ་ཇུང་ཨུན་ལ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་འཕྲིན་ཡིག་ཧ་ཅང་ཡག་པོ་དང་སྙན་པོ་ཞིག་བསྐུར་པ་འཕྲོད་འབྱོར་བྱུང་སོང་ཞེས་ཁྱབ་བསྒྲགས་བྱས་པར་མ་ཟད། ཟླ་བ་འདིར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ལའང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱིས་འཕྲིན་ཡིག་ཅིག་བསྐུར། དེ་ནས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་གནས་ཚུལ་བཟང་པོ་ཞིག་འབྱུང་སྲིད་ཅེས་བཤད།།

ཨ་རིའི་ཕྱི་སྲིད་དྲུང་ཆེས་སྲིད་འཛིན་ཌོ་ནལ་ཊམ་གྱིས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་བསྐུར་པའི་འཕྲིན་ཡིག་དེར་བརྗོད་བྱ་ཅི་ཞིག་བཀོད་ཡོད་མེད་གསལ་པོར་བཤད་མེད་ཀྱང་ཁ་སྔོན་ཕྱི་ཟླ་༢་པར་ཨ་མི་རི་ཀ་དང་བྱང་ཀོ་རི་ཡའི་ཆེས་མཐོའི་འགོ་ཁྲིད་རིམ་པའི་ཐུག་འཕྲད་གྲོས་མོལ་མཚམས་ཆད་ནས་བཟུང་། ང་ཚོ་ཕྱོགས་གཉིས་ཀས་གྲོས་མོལ་འཕྲོ་སྐྱོང་བྱེད་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད་ཅེས་བཤད་འདུག གསར་འགོད་པ་ཚོས་ཨ་རིའི་ཕྱི་སྲིད་དྲུང་ཆེར་ཕྱོགས་གཉིས་ཀྱི་གྲོས་མོལ་ལས་དོན་ཚོགས་ཆུང་གི་འཐུས་མི་རྣམས་མྱུར་དུ་ལྷན་འཛོམས་བྱས་ནས་གྲོས་མོལ་འགོ་འཛུགས་བྱ་འཆར་ཡོད་དམ་ཞེས་དྲིས། ཨ་རིའི་ཕྱི་སྲིད་དྲུང་ཆེས་བྱང་ཀོ་རི་ཡའི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་སྟངས་ལ་བལྟས་ན་གང་ཐད་དུ་ཡག་པོ་ཞིག་འབྱུང་རྒྱུའི་རྟགས་མཚན་འདུག ང་ཚོ་གྲོས་མོལ་བྱ་རྒྱུ་དེར་གྲ་སྒྲིག་ཡོད། བྱང་ཀོ་རི་ཡར་གྲ་སྒྲིག་ཡོད་ཟེར་མ་ཐག་ཏུ་ང་ཚོར་གྲོས་མོལ་བྱ་རྒྱུའི་གྲ་སྒྲིག་ཡོད་ཅེས་བཤད། ཉམས་ཞིབ་པ་ཚོས་ཀིམ་ཇུང་ཨུན་གྱིས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་བཏོན་པའི་ཆ་རྐྱེན་ཁག་ཅིག་བསྒྲུབ་རྒྱུའི་བློ་ཐག་བཅད་ཡོད་པ་ཡིན་སྲིད། དཔེར་ན་བྱང་ཀོ་རི་ཡའི་དབྱོང་བྷི་ཡོན་རྡུལ་ཕྲན་ལས་གྲྭ་ཚུད་པའི་རྡུལ་ཕྲན་ལས་གྲྭ་ཁག་ལ་རྟོག་ཞིབ་བྱེད་དུ་འཇུག་རྒྱུ། ཝྭི་ཏེ་ནམ་གྱི་གྲོས་མོལ་སྐབས་སུ་ཨ་མི་རི་ཀས་བྱང་ཀོ་རི་ཡའི་གཞུང་གིས་རྡུལ་ཕྲན་ལས་གྲྭ་ཁག་ཅིག་སྒོ་རྒྱག་ཆོག ཨ་མི་རི་ཀས་བྱང་ཀོ་རི་ཡར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཡོད་པ་རྣམས་སྔོན་ལ་ཕྱིར་འཐེན་བྱ་དགོས་པའི་སྔོན་འགྲོའི་ཆ་རྐྱེན་བཏོན་སོང་ཞེས་སྐྱོན་བཙུགས་སོང་། ངས་བལྟས་ན་ཟླ་བ་རྗེས་མར་བྱང་ཀོ་རི་ཡ་དང་ཨ་མི་རི་ཀའི་གྲོས་མོལ་འཕྲོ་སྐྱོང་བྱ་རྒྱུ་རེད་སྙམ་ཞེས་ལྷོ་ཀོ་རི་ཡའི་ཉམས་ཞིབ་པ་དབྱང་གིས་བཤད། ཉམས་ཞིབ་པ་ཁག་ཅིག་གིས་ཨ་མི་རི་ཀ་དང་བྱང་ཀོ་རི་ཡ་གཉིས་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུ་དེར་ཡར་རྒྱས་ཀྱི་གྲོས་མཐུན་གང་ཡང་བྱུང་མེད། ཁོ་ཚོས་གནས་སྐབས་ཤིག་ལ་གྲོས་མོལ་འཕྲོ་སྐྱོང་བྱ་མི་ཐུབ། ང་ཚོས་ཕྱོགས་གཉིས་ཀྱི་གྲོས་མོལ་ལས་དོན་ཚོགས་ཆུང་གི་འཐུས་མི་ཚོ་ལྷན་འཛོམས་གྲོས་མོལ་ཡོང་ཐུབ་རྒྱུ་ཡིན་མིན་ལ་བལྟ་ཞེས་བཤད་འདུག

XS
SM
MD
LG