ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བྱང་ཀོ་རི་ཡས་ཞིས་ཅིན་ཕིང་ལ་སྣེ་ལེན་གཟབ་རྒྱས།


༄༅།། བྱང་ཀོ་རི་ཡའི་ལྔ་པའི་ཚེས་གཅིག་རྩེད་ཐང་ཆེན་མོར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ལ་སྣེ་ལེན་གཟབ་རྒྱས་ཀྱི་མཛད་སྒོ་ཚོགས་ཏེ་བར་སྣང་ཁམས་སུ་འཇའ་ཚོན་སྣ་ལྔའི་ཤོག་པག་ནམ་མཁའི་སྐར་ཚོགས་ལྟར་བརྒྱབ་པ་དང་མི་སྟོང་ཕྲག་མང་པོས་བྲོ་གར་འཁྲབ། མི་ཚོགས་ཀྱིས་རུ་བསྒྲིགས་ནས་ཞིས་ཅིན་ཕིང་གི་མགོ་པར་དང་རྒྱ་ནག་གི་རྒྱལ་དར། བྱང་ཀོ་རི་ཡའི་རྒྱལ་དར་དང་པེ་ཅིང་གི་གོང་མའི་ཕོ་བྲང་། བྱང་ཀོ་རི་ཡའི་སྒོ་ཆེན་སོགས་ཀྱི་པར་རིས་གསལ་དུ་བཅུག་སྟེ་རྒྱ་ནག་དང་བྱང་ཀོ་རི་ཡ་གཉིས་ཀྱི་ཉམས་པ་མེད་པའི་མཛའ་འབྲེལ་ཁྲི་ལོ་བརྟན་པར་ཤོག ཉམས་པ་མེད་པའི་སྤྱི་ཚོགས་རིང་ལུགས་ཞེས་བཀོད་པའི་ཡིག་ཆེན་གསལ་དུ་བཅུག་ནས་ཞིས་ཅིན་ཕིང་གི་ཉི་མ་གཉིས་ཀྱི་བྱང་ཀོ་རི་ཡའི་འཚམས་འདྲི་མཇུག་བསྒྲིལ། ཡིན་ནའང་རྒྱ་ནག་དང་བྱང་ཀོ་རི་ཡའི་མཛའ་འབྲེལ་དེ་ཉིད་ཉམས་པ་མེད་པ་ཞིག་ནི་མིན་པ་སྟེ། བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱང་ཀོ་རི་ཡར་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་པར་རྒྱ་ནག་གིས་རྒྱབ་སྐྱོར་བྱས་ཡོད། ད་ལྟ་རྒྱ་ནག་དང་ཨ་མི་རི་ཀར་ཚོང་དམག་ལངས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་བཟང་པོ་མེད་པ། བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨིན་དང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གཉིས་ཐུག་འཕྲད་གྲོས་མོལ་ཐེངས་གཉིས་བྱས་ཀྱང་གྲུབ་འབྲས་གང་ཡང་ཐོན་མེད་པས་རྒྱ་ནག་དང་བྱང་ཀོ་རི་ཡའི་འབྲེལ་བ་ཡར་རྒྱས་བཏང་ནས་ཨ་མི་རི་ཀར་གནོན་ཤུགས་སྤྲོད་པའི་ཐབས་ཇུས་ཤིག་འཛིན་གྱི་ཡོད་པ་རེད།།

བྱང་ཀོ་རི་ཡའི་གསར་འགྱུར་ལས་ཁང་གིས་གཟའ་པ་སངས་ཉིན་ཞིས་ཅིན་ཕིང་འཚམས་འདྲིར་ཕེབས་པའི་གསར་འགྱུར་རྣམས་ཞིབ་ཕྲ་བསྟན། ཁོ་ཚོས་རྒྱལ་སྤྱི་དང་ས་གནས་ཀྱི་གནས་སྟངས་ཁག་ཛ་དྲག་ཅན་དང་དཀའ་རྙོག་ཅན་ཞིག་ཏུ་གྱུར་ཡོད་པའི་སྐབས་འདིར་ཞིས་ཅིན་ཕིང་དང་ཀིམ་ཇུང་ཨུན་གཉིས་ཀོ་རི་ཡའི་གླིང་ཟུར་ཚུད་པའི་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་ཁག་ལ་དགོངས་ཚུལ་གཅིག་མཚུངས་བྱུང་སོང་། ཀིམ་ཇུང་ཨུན་གྱིས་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ལ་ཐུག་འཕྲད་གྲོས་མོལ་བྱུང་བ་མཐུན་གྲོགས་རྒྱལ་ཁབ་གཉིས་ཀྱི་མཛའ་འབྲེལ་ལ་ཉམས་པ་མེད་པ་དང་འགྱུར་བ་མེད་པ་སྟོན་པའི་གོ་སྐབས་བཟང་པོ་ཞིག་རེད་ཅེས་བཤད་པ་རྣམས་ལུང་འདྲེན་བྱས་ཡོད་པར་མ་ཟད། བྱང་ཀོ་རི་ཡའི་རྒྱལ་སའི་སྲང་ལམ་ཁག་ཏུའང་མི་དམངས་རྣམས་དགའ་སྤྲོའི་རབ་ཏུ་བརྟས་ཏེ་རྒྱ་ནག་དང་བྱང་ཀོ་རི་ཡ་གཉིས་སྐྱིད་སྡུག་མཉམ་མྱོང་ཡིན་པའི་ཚོར་བ་ཞིག་མྱོང་གི་འདུག རྒྱ་ནག་དང་བྱང་ཀོ་རི་ཡའི་འགོ་ཁྲིད་རྣམ་པ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་དང་ཕན་ཚུན་རྒྱུས་ལོན་བྱ་དགོས་པ་དེར་བཟང་ཕྱོགས་ཀྱི་ཤུགས་སྣོན་རྒྱག་དགོས་པའི་གྲོས་མཐུན་བྱུང་ཡོད། བྱང་ཀོ་རི་ཡས་རང་གི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་ཕྱོགས་སུ་ཤུགས་སྣོན་བརྒྱབ་པར་རྗེས་སུ་ཡི་རངས་ཡོད་ཅེས་བསྔགས་བརྗོད་བྱས་ཚུལ་དང་། རྒྱ་ནག་གིས་བྱང་ཀོ་རི་ཡ་དང་ཨ་མི་རི་ཀས་མུ་མཐུད་དུ་གྲོས་མོལ་བྱེད་ཐུབ་པ་དང་ཡར་རྒྱས་ཀྱི་ཕྱོགས་སུ་མདུན་སྐྱོད་བྱེད་ཐུབ་པའི་རེ་བ་འཆང་ཡོད་ཅེས་གཏམ་བཤད་བྱས་པའི་གསར་འགྱུར་སྤེལ་འདུག

ད་ཐེངས་ཀྱི་ཐུག་འཕྲད་འདི་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱི་ཐུག་འཕྲད་གྲོས་མོལ་ཐེངས་གཉིས་པར་གྲུབ་འབྲས་མ་ཐོན་པའི་རྗེས་སུ་ཞིས་ཅིན་ཕིང་དང་ཀིམ་ཇུང་ཨུན་གཉིས་ཐུག་འཕྲད་གྲོས་མོལ་བྱུང་བ་ཐེངས་དང་པོ་ཡིན་ཞིང་། རྒྱ་ནག་གི་རེ་བ་གཙོ་བོ་ནི་བྱང་ཀོ་རི་ཡར་ཞི་བདེ་བརྟན་ལྷིང་བསྐྲུན་རྒྱུ་དང་དཔལ་འབྱོར་མཉམ་འབྲེལ། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་བའི་གྲོས་མོལ་ཇི་ལྟར་བྱས་ཀྱང་རྒྱ་ནག་གི་ཐེ་གཏོགས་དང་མོས་མཐུན་མེད་པར་གྲོས་མཐུན་ཞིག་འཇོག་མི་ཐུབ་པ་ཞིག་ཏུ་བསྒྱུར་དགོས་པའི་ཁོག་རྩིས་རྒྱག་གི་ཡོད་ཅིང་། བྱང་ཀོ་རི་ཡར་མཚོན་ན་ཞིས་ཅིན་ཕིང་འཚམས་འདྲིར་ཕེབས་ནས་ཀིམ་ཇུང་ཨུན་ལ་ཐུག་འཕྲད་གྲོས་མོལ་བྱས་པ་ནི་རྒྱལ་སྤྱིའི་ཐོག་ཏུ་བྱང་ཀོ་རི་ཡ་གྲོགས་མེད་ཁེར་རྐྱང་དུ་ལུས་ཀྱང་རྒྱ་ནག་གིས་སྔར་བཞིན་བྱང་ཀོ་རི་ཡའི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་སྟོན་ཐབས་ཤིག་ཡིན། ༢༠༡༧་ལོར་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་ཚོད་ལྟ་བྱས་པའི་རྗེས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱང་ཀོ་རི་ཡར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱུང་སྟེ་དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱི་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་དེར་རྒྱ་ནག་གིས་རྒྱབ་སྐྱོར་བྱས་མོད། འོན་ཀྱང་ཉེ་དུས་ཤིག་ནས་རྒྱ་ནག་གི་འགོ་ཁྲིད་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱང་ཀོ་རི་ཡར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཡོད་པ་ཁག་ཅིག་ཕྱིར་འཐེན་བྱ་དགོས་པའི་རྣམ་འགྱུར་སྟོན་གྱི་ཡོད་པ་རེད།།

རྒྱ་ནག་གི་ཞིན་ཧྭ་གསར་འགྱུར་ལས་ཁང་གིས་ཞིས་ཅིན་ཕིང་དང་ཀིམ་ཇུང་ཨུན་གཉིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་གནད་དོན་དེ་ཆབ་སྲིད་ཀྱི་ཐབས་ལམ་བརྒྱུད་ནས་སེལ་དགོས་པ་ནི་ལྡོག་ཏུ་མེད་པ་ཞིག་ཡིན་པའི་གྲོས་མཐུན་བྱུང་ཡོད། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་གནད་དོན་ལ་འབྲེལ་ཡོད་ཕྱོགས་ཁག་ཚང་མས་ཞི་བའི་གྲོས་མོལ་རྒྱུན་འཁྱོངས་བྱ་དགོས་ཞེས་གྲོས་མོལ་བྱུང་བའི་གསར་འགྱུར་སྤེལ་ཡོད་པ་ལས། བྱང་ཀོ་རི་ཡར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་བྱས་ཡོད་པ་ཕྱིར་འཐེན་བྱ་དགོས་པ་དེར་རྒྱ་ནག་གིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་གསར་འགྱུར་གང་ཡང་སྤེལ་མེད་པར་བརྟེན། རྒྱ་ནག་དང་བྱང་ཀོ་རི་ཡ་གཉིས་ཀྱི་གསར་འགྱུར་ལས་ཁང་ཁག་གིས་ཀྱང་ཞིས་ཅིན་ཕིང་དང་ཀིམ་ཇུང་ཨུན་གཉིས་ཀྱི་ཐུག་འཕྲད་གྲོས་མོལ་གྱི་གྲུབ་འབྲས་སོགས་ལ་གསར་འགྱུར་སྤེལ་སྟངས་མ་འདྲ་བ་ཡོད་ཅིང་། བདུན་ཕྲག་རྗེས་མར་ཉི་ཧོང་གི་ཨོ་ས་ཁ་གྲོང་ཁྱེར་དུ་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་༢༠་ཐམ་པའི་ཆེས་མཐོའི་འགོ་ཁྲིད་ཚོའི་ལོ་འཁོར་ཚོགས་ཆེན་འཚོགས་ཀྱི་ཡོད་པ་དང་སྐབས་དེར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གཉིས་ལོགས་སུ་ཐུག་འཕྲད་བྱས་ནས་ཕྱོགས་གཉིས་ཀྱི་ཚོང་དམག་མཇུག་བསྒྲིལ་རྒྱུའི་འབད་བརྩོན་བྱ་སྲིད། དེས་ན་རྒྱ་ནག་གཞུང་གིས་ཨ་མི་རི་ཀར་ཕོག་ཐུག་མི་གཏོང་བའི་ཆེད་དུ་བྱང་ཀོ་རི་ཡར་རྒྱབ་སྐྱོར་ཡོད་པའི་གསར་འགྱུར་ཤུགས་ཆེན་ཞིག་མ་སྤེལ་བ་ཡིན་སྲིད་ཅེས་ཉམས་ཞིབ་པ་ཚོས་ཚོད་དཔགས།

གཟའ་ཕུར་བུའི་དགོང་མོར་བྱང་ཀོ་རི་ཡའི་གཞུང་གིས་གསོལ་སྟོན་བཤམས་པའི་སྐབས་སུ་ཞིས་ཅིན་ཕིང་གིས་གཙོ་འཛིན་ཀིམ་ཇུང་ཨུན་གྱི་འགོ་ཁྲིད་འོག་ཏུ་བྱང་ཀོ་རི་ཡའི་དཔལ་འབྱོར་སྒྱུར་བཅོས་དང་མི་དམངས་ཀྱི་འཚོ་བ་ཡར་རྒྱས་གཏོང་དགོས། རྒྱལ་ཁབ་དེའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་དེ་ཉིད་རིམ་པ་གསར་པ་ཞིག་ལ་སླེབས་ཐབས་བྱ་དགོས་ཞེས་བཤད། བྱང་ཀོ་རི་ཡའི་འཚམས་འདྲི་མཇུག་མ་བསྒྲིལ་གོང་དེར་ཞིས་ཅིན་ཕིང་གཏན་ཞལ་གཉིས་དང་ཀིམ་ཇུང་ཨུན་གཏན་ཞལ་གཉིས་ཀྱིས་ཀོ་རི་ཡའི་དམག་འཁྲུག་དུས་སུ་ཚེ་སྲོག་ཤོར་པའི་རྒྱ་ནག་གི་དམག་ཞབས་འདས་པོ་རྣམས་ཀྱི་རྗེས་དྲན་གདུང་རྟེན་མདུན་དུ་མེ་ཏོག་གི་ཕྲེང་བ་ཕུལ། ཞིས་ཅིན་ཕིང་གིས་རྒྱ་ནག་དང་བྱང་ཀོ་རི་ཡའི་མཛའ་འབྲེལ་ནི་མི་རབས་ནས་མི་རབས་བར་དུ་རྒྱུན་འཁྱོངས་བྱེད་དུ་བཅུག་སྟེ་འབྲེལ་ཡོད་རྒྱལ་ཁབ་གཉིས་ཀའི་སྤྱི་ཚོགས་རིང་ལུགས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱ་དགོས་ཞེས་ནན་བརྗོད་བྱས་འདུག ཉེ་དུས་ཤིག་ནས་བྱང་ཀོ་རི་ཡའི་དཔལ་འབྱོར་འཕེལ་རྒྱས་ཅུང་ཟད་ཅིག་འགྲོ་བཞིན་ཡོད་པའི་རྟགས་མཚན་མངོན་རུང་རྒྱལ་ཁབ་དེའི་མི་དམངས་ཀྱི་བཟའ་བཅའ་མང་ཆེ་བ་སྐྱོབ་གསོ་རོགས་རམ་ལ་བརྟེན་ཡོད། བྱང་ཀོ་རི་ཡར་སྐྱོབ་གསོ་སྤྲོད་མཁན་གཙོ་བོ་ཞིག་རྒྱ་ནག་ཡིན་པ་དང་རྒྱ་ནག་གི་སྐྱོབ་གསོ་མེད་པར་བྱང་ཀོ་རི་ཡ་འཚོ་ཐབས་མེད་པ་ཞིག་ཏུ་གྱུར་འདུག ལྷོ་ཀོ་རི་ཡའི་གཞུང་གིས་ཞིས་ཅིན་ཕིང་བྱང་ཀོ་རི་ཡར་འཚམས་འདྲིར་ཕེབས་པ་དེས་ཀོ་རི་ཡའི་གླིང་ཟུར་ཧྲིལ་པོར་ཞི་བདེ་བརྟན་ལྷིང་བསྐྲུན་པར་ལེགས་སྐྱེས་ཤིག་འབུལ་ཐུབ་པའི་རེ་བ་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ། ཨ་མི་རི་ཀའི་གཞུང་དང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཞིས་ཅིན་ཕིང་བྱང་ཀོ་རི་ཡར་འཚམས་འདྲིར་ཕེབས་པ་དེར་འགྲེལ་བཤད་ལེགས་ཉེས་ཅི་ཡང་བྱས་མེད་ཀྱང་རྒྱ་ནག་དང་བྱང་ཀོ་རི་ཡའི་འགོ་ཁྲིད་གཉིས་ཀྱི་གྲོས་བསྡུར་གཙོ་བོ་ཅི་ཞིག་བྱས་ཡོད་མེད། རྒྱ་ནག་དང་བྱང་ཀོ་རི་ཡ་གཉིས་ཀྱིས་གྲོས་མཐུན་འདྲ་བཞག་ཡོད་མེད་དེར་དོ་སྣང་གཟབ་ནན་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG