ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཨ་རིའི་འཕུར་གྲུ་ཞིག་ལ་ཨི་རན་གྱིས་གཏོར་རྒོལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཨ་མི་རི་ཀའི་དྲག་པོའི་དབུས་སྤྱི་ཁྱབ་བཀོད་འདོམས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན་རེས་གཟའ་ཕུར་བུའི་ཉིན་མོར་ཨ་རིའི་ཁ་ལོ་བ་དང་འཕུར་མདེལ་སོགས་བཏགས་མེད་པའི་འཕུར་གྲུ་ཞིག་གིས་ཏ་ཟིག་མཚོ་ཁུག ཧོར་མུ་ཛི་མཚོ་འགག་གི་རྒྱལ་སྤྱིའི་མཁའ་དབྱིངས་སུ་སྐོར་གཡེང་བྱེད་བཞིན་པའི་སྐབས་སུ་ཨི་རན་གྱིས་མེ་ཤུགས་འཕུར་མདེལ་བརྒྱབ་ནས་གཏོར་སྐྱོན་བཏང་སོང་ཞེས་བསྒྲགས། དེའི་རྗེས་སུ་ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་གསར་འགོད་པ་ཚོར་ཨི་རན་གྱིས་ནོར་འཁྲུལ་ཆེན་པོ་ཞིག་བྱས་པ་རེད། ཨ་མི་རི་ཀས་ཨི་རན་ལ་རྒོལ་ལན་ཇི་ལྟར་སློག་དགོས་མིན་རིམ་བཞིན་གསལ་བོ་ཆགས་ཀྱི་རེད་ཅེས་གསུངས་འདུག

ཨ་མི་རི་ཀའི་དྲག་པོའི་དབུས་སྤྱི་ཁྱབ་བཀོད་འདོམས་ཁང་གི་མགྲིན་ཚབ་པ་བྷིལ་ཨུར་བྷན་གྱིས་ཨ་མི་རི་ཀའི་མཚོ་དམག་གི་ལྟ་སྲུང་དང་མྱུལ་ཞིབ། གསང་བའི་ལས་དོན་ཆེད་དུ་ཁ་དབྱིངས་སུ་བཏང་བའི་ཁ་ལོ་བ་མེད་པའི་འཕུར་གྲུ་དེ་ཧོར་མུ་ཛི་མཚོ་འགག་གི་རྒྱལ་སྤྱིའི་མཁའ་དབྱིངས་སུ་འཕུར་སྐྱོད་བྱེད་བཞིན་ཡོད། ཨི་རན་གྱིས་དེ་ལ་མེ་ཤུགས་འཕུར་མདེལ་བརྒྱབ་ནས་གཏོར་རྒོལ་བྱས་པ་ནི་ཨ་མི་རི་ཀའི་མཚོ་དམག་གི་འགྲིམ་འགྲུལ་རང་དབང་དང་རྟོག་ཞིབ་ལས་དོན་ལ་གཏོར་རྒོལ་བྱས་པ་ཞིག་རེད་ཅེས་ཁ་རྡུང་བཏང་མོད། འོན་ཀྱང་ཨི་རན་གཞུང་གིས་ཨ་མི་རི་ཀའི་ཁ་ལོ་བ་མེད་པའི་འཕུར་གྲུ་དེ་ཧོར་མུ་ཛི་མཚོ་འགག་གི་ཉེ་འགྲམ་དུ་ཡོད་པའི་ཨི་རན་གྱི་ཧོར་མོ་ཛི་གྷན་ཞིང་ཆེན་གྱི་མཁའ་དབྱིངས་སུ་སིམ་འཛུལ་བྱས་བྱུང་། དེར་བརྟེན་ཨི་རན་གྱིས་རང་གི་མཁའ་དབྱིངས་མངའ་ཁོངས་ལ་སྲུང་སྐྱོབ་བྱེད་པར་གསར་བརྗེའི་སྲུང་དམག་གིས་མེ་ཤུགས་འཕུར་མདེལ་བརྒྱབ་ནས་ཨ་མི་རི་ཀའི་འཕུར་གྲུ་དེར་གཏོར་རྒོལ་བྱས་པ་ཡིན་ཞེས་རྒྱུ་མཚན་བགྲངས།

རེས་གཟའ་ཕུར་བུའི་ཉིན་ཨ་མི་རི་ཀའི་འཕུར་གྲུ་དེར་གཏོར་སྐྱོན་བཏང་པའི་རྗེས་སུ་ཨི་རན་གྱི་གསར་བརྗེའི་སྲུང་དམག་གི་དམག་སྤྱི་ཧོ་སེན་ས་ལ་མཱིས་ཨ་མི་རི་ཀར་འཇིགས་སྐུལ་གྱི་གསལ་བསྒྲགས་ཤིག་སྤེལ་བ་དེའི་ནང་དུ་ཨི་རན་གྱིས་ཨ་མི་རི་ཀའི་གསང་མྱུལ་གྱི་འཕུར་གྲུ་ཞིག་ལ་གཏོར་རྒོལ་བྱས་པ་ནི་ང་ཚོས་ཨ་མི་རི་ཀར་གོ་ནོར་ཐེབས་ས་མེད་པའི་བརྡ་ལན་གསལ་པོ་ཞིག་སྤྲད་པ་མཚོན་གྱི་ཡོད། འདི་ནི་ཁ་ཆེའི་ལྡན་རྒྱལ་ཁབ་ཨི་རན་གྱི་ས་མཚམས་སྲུང་དམག་གིས་རང་ཡུལ་ལ་བཙན་རྒོལ་གྱི་རིགས་ཅི་ཞིག་བྱུང་རུང་དེ་ལ་བརྡ་ལན་ངེས་པར་དུ་སློག་རྒྱུ་ཡིན་པའི་ཆོད་སེམས་མཚོན་ཡོད། ཨི་རན་གྱི་ཁ་གཏད་དགྲ་བོ་ཚོར་གདམ་ཀ་གཅིག་ལས་མེད། ཨི་རན་གྱི་མངའ་ཁོངས་གོང་བུ་གཅིག་གྱུར་དང་རྒྱལ་ཁབ་ཀྱི་བདེ་དོན་ལ་བརྩི་བཀུར་བྱ་དགོས་ཞེས་ནན་བྱས་བརྗོད་ཡོད་པ་རེད།

ད་རེས་ཨ་མི་རི་ཀའི་དམག་དོན་ཡོ་བྱད་ཅིག་ལ་ཨི་རན་གྱིས་ཐད་ཀར་གཏོར་རྒོལ་བྱུང་བ་དེར་ཨ་མི་རི་ཀས་རྒོལ་ལན་ཇི་ལྟར་སློག་དགོས་མིན་ལ་སྲིད་འཛིན་ཌོ་ནལ་ཊམ་གྱི་གཞུང་འཛིན་ལྷན་ཁང་གིས་གྲོས་བསྡུར་བྱ་དགོས་པའི་གནད་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད། སྲིད་འཛིན་ཌོ་ནལ་ཊམ་གྱིས་གནད་དོན་འདིའི་ཐོག་ཏུ་གསར་འགོད་པའི་དྲི་བ་ཁག་ལ་ཐད་ཀར་ལན་འདེབས་གསལ་བོ་ཞིག་གནང་མེད་ཀྱང་ཕོ་བྲང་དཀར་པོའི་མཐོ་རིམ་ལས་སྣེ་ཞིག་གིས་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱལ་སྲུང་དྲུང་ཆེ་ལས་ཚབ་པ་ཤ་ན་ཧན་དང་ཕྱི་སྲིད་དྲུང་ཆེ། དེ་བཞིན་ཨ་རིའི་དབུས་དྲག་པོའི་སྤྱི་ཁྱབ་བཀོད་འདོམས་པ་དམག་སྤྱི་ཌོན་ཧྥོར་ཌི་བཅས་ལ་ཨ་མི་རི་ཀས་ཨི་རན་ལ་རྒོལ་ལན་ཇི་ལྟར་སློག་དགོས་མིན་གྲོས་བསྡུར་བྱ་རྒྱུའི་ཆེད་དུ་ཛ་དྲག་གི་ཚོགས་འདུ་ཞིག་བསྐོངས་འདུག ཉེ་ཆར་དཀྱིལ་ཤར་ས་ཁུལ་གྱི་ཨོ་མན་མཚོ་ཁུག་ཏུ་རྡོ་སྣུམ་སྐྱེལ་འདྲེན་བྱེད་མཁན་གྲུ་གཟིངས་གཉིས་ལ་གཏོར་སྐྱོན་བྱུང་བ་དེའི་སྐབས་སུ་ཨ་མི་རི་ཀས་གཏོར་རྒོལ་དེ་དག་གི་ལན་ཁག་ཨི་རན་ལ་ཡོད་པའི་སྐྱོན་འཛུགས་བྱས་ཀྱང་ཨི་རན་གྱིས་དེ་ལ་ངོས་ལེན་བྱས་མེད་པ་རེད།

ཨ་མི་རི་ཀ་དང་ཨི་རན་གྱི་འགལ་ཟླ་ཇེ་ཆེར་འགྲོ་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི་ཨ་མི་རི་ཀའི་སྲིད་འཛིན་ཟུར་པ་བྷ་རཀ་ཨོ་བྷ་མའི་དུས་སུ་ཨི་རན་གྱི་རྡུལ་ཕྲན་ནུས་ཤུགས་མཁོ་འདོན་བྱ་རྒྱུ་ཚོད་འཛིན་དང་ཨི་རན་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཡོད་པ་ཕྱིར་འཐེན་བྱ་རྒྱུ་ཡིན་ཞེས་ཨི་རན་དང་ཨ་མི་རི་ཀ དབྱིན་ཇི་དང་ཧྥ་རན་སི། ཨུ་རུ་སུ་དང་རྒྱ་ནག འཇར་མན་ཎི་དང་ཡུ་རོབ་མཉམ་འབྲེལ་བཅས་ཕྱོགས་མང་པོ་ཞིག་གིས་རྒྱལ་སྤྱིའི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་ཀྱང་སྔ་ལོ་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀ་༢༠༡༥་ལོའི་གྲོས་མཐུན་ཁོངས་ནས་ཕྱིར་འཐེན་གྱིས་ཨི་རན་ལ་སླར་ཡང་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་བཙན་འགེལ་བྱ་རྒྱུ་འགོ་ཚུགས། དེ་ནས་བཟུང་སྟེ་ཨ་མི་རི་ཀ་དང་ཨི་རན་གྱི་འབྲེལ་བ་སྡུག་ཏུ་ཕྱིན་ཡོད་པ་རེད།།

XS
SM
MD
LG