ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་མི་རི་ཀས་དཀྱིལ་ཤར་ས་ཁུལ་ལ་དམག་མི་༡༠༠༠་ཁ་སྣོན།


༄༅།། ཨ་མི་རི་ཀའི་རྒྱལ་སྲུང་ལྷན་ཁང་གིས་དཀྱིལ་ཤར་ས་ཁུལ་དུ་དམག་མི་༡༠༠༠་ཁ་སྣོན་གཏོང་རྒྱུའི་ཐག་བཅད། ཨི་རཀ་དང་སི་རི་ཡ་སོགས་དཀྱིལ་ཤར་ས་ཁུལ་དུ་འགྲེམ་འཇོག་བྱེད་ཡོད་པའི་ཨ་མི་རི་ཀའི་དམག་ལ་ཨི་རན་གྱིས་སྐམ་མཚོ་གནམ་གསུམ་ནས་གཏོར་རྒོལ་བྱ་སྲིད་པའི་ཉེན་ཀ་ཡོད་པའི་རྐྱེན་གྱིས་ཨ་མི་རི་ཀས་དཀྱིལ་ཤར་ས་ཁུལ་ལ་དམག་དཔུང་ཁ་སྣོན་གཏོང་དགོས་ཐུག་འདུག ད་དུང་ཨ་མི་རི་ཀའི་མཚོ་དམག་གིས་ཀྱང་ཏ་ཟིག་མཚོ་ཁུག་ཏུ་སྐོར་གཡེང་བྱས་ནས་ཧོར་མུ་ཛི་མཚོ་འགག་གི་རྡོ་སྣུམ་སྐྱེལ་འདྲེན་རང་དབང་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་འདུག ཉེ་ཆར་ཨོ་མན་གྱི་མཚོ་ཁུག་ཏུ་རྡོ་སྣུམ་སྐྱེལ་འདྲེན་བྱེད་མཁན་གྲུ་གཟིངས་འགའ་ཞིག་ལ་གཏོར་རྒོལ་ཕོག་པའི་རྗེས་སུ་ཨ་མི་རི་ཀས་གཏོར་རྒོལ་དེའི་ལན་ཁག་ཨི་རན་ལ་ཡོད། ཨི་རན་གྱི་མགྱོགས་གྲུ་ཁག་ཅིག་གིས་རྡོ་སྣུམ་སྐྱེལ་འདྲེན་གྲུ་གཟིངས་ཤིག་ལ་འབར་མདེལ་སྦྱར་ནས་བཀད་ཐོར་མ་སོང་བ་དགོག་གི་ཡོད་པ་ཨ་མི་རི་ཀའི་མཚོ་དམག་གི་ཐད་འཕུར་གནམ་གྲུ་ཞིག་གིས་པར་བརྒྱབ་ཡོད་ཅེས་དཔང་རྟགས་འདྲ་པར་བསྟན་རུང་ཨི་རན་གྱིས་ཨ་མི་རི་ཀའི་སྐྱོན་འཛུགས་དེར་ངོས་ལེན་བྱེད་ཀྱི་མེད་ཅིང་། ཨ་རིའི་རྒྱལ་སྲུང་དྲུང་ཆེ་ལས་ཚབ་ཀྱིས་ང་ཚོར་ཁུངས་ལྡན་གྱི་གསང་བའི་གནས་ཚུལ་འབྱོར་པ་ལྟར་ན་ཨི་རན་དང་དེའི་ཕྱོགས་གཏོགས་འཇབ་དམག་རྣམས་དཀྱིལ་ཤར་ས་ཁུལ་གྱི་ཨ་མི་རི་ཀའི་གཞུང་ཚབ་ལས་ཁང་ཁག་དང་དམག་སྒར་ཁག་གི་བདེ་འཇགས་ལ་ཉེན་ཀ་ཆེན་པོ་ཡིན་པའི་རྟགས་མཚན་འདུག་ཅེས་བཤད།།

ཨ་རིའི་རྒྱལ་སྲུང་དྲུང་ཆེའི་ལས་ཚབ་ཀྱིས་ཨ་མི་རི་ཀའི་དམག་དཔུང་རིགས་གང་འདྲ་ཞིག་དཀྱིལ་ཤར་ས་ཁུལ་ལ་ཁ་སྣོན་གཏོང་འཆར་ཡོད་མེད་གསལ་པོར་བཤད་མེད་ཀྱང་ཨ་མི་རི་ཀའི་དམག་གི་གསང་བའི་ཚན་པ་དང་མྱུལ་ཞིབ་ཚན་པ། ས་ཞིབ་ཚན་པ་དང་འཛུགས་སྐྲུན་ཚན་པའི་དམག་དཔུང་རྣམས་ཁ་སྣོན་གཏོང་གི་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པར་མ་ཟད། ཟླ་བ་སྔོན་མར་ཨ་མི་རི་ཀས་ཏ་ཟིག་མཚོ་ཁུག་ལ་འཐབ་འཛིང་གནམ་གྲུ་འཁྱེར་པའི་དམག་གྲུ་ཆེན་པོ་ཞིག་དང་དམག་སྟོང་ཕྲག་འགའ་ཞིག་བཏང་ནས་སྐོར་གཡེང་བྱ་རྒྱུ་འགོ་ཚུགས། ཨ་མི་རི་ཀའི་གཞུང་གིས་དམག་དཔུང་འདྲེན་གཏོང་བྱ་དགོས་དོན་ནི་རང་སྲུང་ཁོ་ནའི་ཆེད་དུ་ཡིན་ཞེས་བཀྲལ། ཨ་རིའི་རྒྱལ་སྲུང་དྲུང་ཆེ་ལས་ཚབ་ཀྱིས་ང་ཚོས་ཨི་རན་ལ་དམག་འཁྲུག་སློང་གི་མེད། ཨ་མི་རི་ཀས་དམག་དཔུང་ཁ་སྣོན་གཏོང་གི་ཡོད་པ་དཀྱིལ་ཤར་ས་ཁུལ་དུ་བཀྲམ་ཡོད་པའི་ཨ་མི་རི་ཀའི་དམག་གི་བདེ་འཇགས་སྲུང་སྐྱོབ་དང་གང་ཅིའི་གནས་སྟངས་ལ་ཞིབ་འཇུག་བྱས་ནས་དམག་དཔུང་འཕྲི་སྣོན་གྱི་ཐག་གཅོད་བྱ་རྒྱུ་ཡིན། ཨ་མི་རི་ཀས་འཇར་མན་ཎི་དང་ཉི་ཧོང་གཙོ་བོར་གྱུར་པའི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་རྒྱལ་སྤྱིའི་རྡོ་སྣུམ་སྐྱེལ་འདྲེན་བྱེད་མཁན་གྲུ་གཟིངས་དེ་ཚོར་གཏོར་རྒོལ་བྱེད་མཁན་ཨི་རན་རེད་ཅེས་ཁུངས་སྐྱེལ་བྱེད་ཀྱི་ཡོད་པ་སྟེ། ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་འདྲ་པར་གསར་པ་བཀྲམ་ནས་སྐྱོན་འཛུགས་དེ་ཚོ་ཁུངས་ལྡན་ཡིན་པའི་ར་སྤྲོད་བྱེད་ཀྱི་ཡོད་ཀྱང་མགྱོགས་གྲུ་དེ་རྣམས་ཨི་རན་གྱི་སྤྱི་མཐུན་དམག་གི་མགྱོགས་གྲུ་ཡིན་པ་མཐའ་གཅིག་ཏུ་ཁུངས་སྐྱེལ་བྱེད་ཐུབ་ཀྱི་མེད་པ་རེད།།

ཁ་སང་གཟའ་ཟླ་བ་ནས་ཨི་རན་གྱིས་༢༠༡༥་ལོར་མིང་རྟགས་བཀོད་པའི་རྒྱལ་སྤྱིའི་གྲོས་མཐུན་དེར་བརྩི་མེད་གཏོང་རྒྱུ་དང་ཡུ་རེ་ནིམ་ལས་སྣོན་བྱ་རྒྱུ་ཚད་བཀག་ཡོད་པ་མེད་པར་གཏོང་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ། བདུན་ཕྲག་སྔོན་མར་ཨི་རན་གྱི་ཆེས་མཐོའི་འགོ་ཁྲིད་ཨ་ཡ་ཏོ་ལ་ཨ་ལི་ཧོ་མེ་ཎིས་ཨི་རན་ལ་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་བྱ་འདོད་མེད། གལ་སྲིད་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་བྱ་འདོད་ཡོད་ན་ཨ་མི་རི་ཀས་ཨི་རན་ལ་བཀག་འགོག་བྱེད་ཐུབ་ཀྱི་མ་རེད་ཅེས་བཤད། སྔ་ལོ་ཨ་མི་རི་ཀ་ནི་༢༠༡༥་ལོར་མིང་རྟགས་བཀོད་པའི་ཨི་རན་གྱི་རྡུལ་ཕྲན་ལས་གྲྭ་ཁག་ཅིག་སྒོ་རྒྱག་དགོས་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨི་རན་ལ་ཚོང་ལས་སྒོ་འབྱེད་བྱ་རྒྱུའི་གྲོས་མཐུན་ཁོངས་ནས་ཕྱིར་འཐེན་བྱས་ཤིང་། ད་ལོ་ཨ་མི་རི་ཀས་སླར་ཡང་ཨི་རན་ལ་ཚོང་ལས་དང་དཔལ་འབྱོར་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་པས་ཨི་རན་དང་ཨ་མི་རི་ཀའི་འབྲེལ་བ་སྡུག་ཏུ་ཕྱིན་འདུག ཨི་རན་དང་ཨ་མི་རི་ཀའི་གྲོས་མཐུན་དེར་དབྱིན་ཇི་དང་ཧྥ་རན་སི། ཨུ་རུ་སུ་དང་རྒྱ་ནག་བཅས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གི་གཏན་འཇགས་ཚོགས་འཐུས་རྒྱལ་ཁབ་ལྔ་དང་འཇར་མན་ཎི། ཡུ་རོབ་མཉམ་འབྲེལ་བཅས་ཀྱིས་ཀྱང་མིང་རྟགས་བཀོད། ཨི་རན་གཞུང་གིས་ཡུ་རོབ་རྒྱལ་ཁབ་ཁག་ལ་རང་གིས་མིང་རྟགས་བཀོད་པའི་རྒྱལ་སྤྱིའི་གྲོས་མཐུན་དེར་རྩ་འཛིན་བྱ་དགོས། ཁོ་ཚོས་ཨ་མི་རི་ཀའི་གནོན་ཤུགས་འོག་ཏུ་ཨི་རན་ལ་ཚོང་འབྲེལ་གཅོད་མི་ཆོག་ཟེར་གྱི་ཡོད་ཀྱང་ཨི་རན་ལ་ཚོང་འབྲེལ་འཛིན་པའི་བཟོ་ཚོང་ལས་ཁང་ཁག་ལ་ཨ་མི་རི་ཀས་ཚོང་འབྲེལ་གཅོད་ཀྱི་ཡོད་པ་རེད།།

འཇར་མན་ཎི་གཙོས་ཡུ་རོབ་རྒྱལ་ཁབ་ཁག་གིས་ཨ་མི་རི་ཀས་དཀྱིལ་ཤར་ས་ཁུལ་ལ་དམག་དཔུང་ཁ་སྣོན་བཏང་ནས་མངའ་ཁུལ་དེའི་གང་ཅིའི་གནས་སྟངས་ཛ་དྲག་ཅན་ཞིག་ཏུ་བསྒྱུར་ན་དགེ་མཚན་མེད་ཅེས་འབོད་སྐུལ་ཞུས། ཕྱི་ཟླ་༦་ཚེས་༡༨་ཉིན་རྒྱ་ནག་གིས་ཀྱང་ཨ་མི་རི་ཀས་དཀྱིལ་ཤར་ས་ཁུལ་ལ་དམག་དཔུང་ཁ་སྣོན་གཏོང་གི་ཡོད་པར་དགེ་མཚན་མི་འདུག་ཅེས་གསར་འགོད་གསལ་བསྒྲགས་སྤེལ། དཔེར་ན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱིས་ཨི་རན་གཞུང་གིས་༢༠༡༥་ལོར་མིང་རྟགས་བཀོད་པའི་རྒྱལ་སྤྱིའི་གྲོས་མཐུན་དེར་རྩ་འཛིན་བྱ་དགོས། ང་ཚོས་ཕྱོགས་ཁ་ཚང་མས་རྒྱུ་མཚན་དང་གནས་ལུགས་ལ་ལྟ་ཉན་བྱ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ཨ་རི་དང་ཨི་རན་སོགས་ཕྱོགས་ཁག་གཅིག་གིས་ཀྱང་འཁྲུག་རྩོད་སློང་བ་དང་ཞི་བདེ་བརྟན་ལྷིང་ལ་གཏོར་བརླག་བྱེད་པའི་སྲིད་ཇུས་ཁག་ལག་ལེན་མི་བསྟར་པའི་རེ་བ་ཡོད། རྒྱ་ནག་གིས་རྒྱལ་སྤྱིའི་གྲོས་མཐུན་དེར་མིང་རྟགས་བཀོད་པ་རྩ་འཛིན་བྱ་རྒྱུ་དེར་འགྱུར་བ་མེད། ཨ་མི་རི་ཀས་མཐའ་གཅིག་ཏུ་གནོན་ཤུགས་སྤྲོད་རྒྱུའི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པར་འགྱུར་བ་གཏོང་དགོས་ཞེས་བཤད་ཀྱང་ཨ་མི་རི་ཀ་རྒྱལ་སྤྱིའི་གྲོས་མཐུན་དེ་ནས་ཕྱིར་འཐེན་དང་ཨ་མི་རི་ཀས་ཨི་རན་གྱི་སྤྱི་མཐུན་དམག་དཔུང་འཇིགས་སྐུལ་རིང་ལུགས་ཀྱི་དཔུང་སྡེ་ཞིག་ལ་ངོས་འཛིན་བཟུང་བྱས་པའི་རྗེས་སུ་གང་ཐད་དུ་ཛ་དྲག་ཅན་ཞིག་ཏུ་གྱུར་ཡོད་པ་རེད།།

XS
SM
MD
LG