ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཧོང་ཀོང་མི་མང་གི་ངོ་རྒོལ་དང་ཇཱོ་ཤི་ཝ་ཝང་གློད་གྲོལ།


༄༅།། ཧོང་ཀོང་བ་ས་ཡ་གཉིས་ཀྱིས་གཟའ་མཇུག་དེར་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་བཅའ་ཁྲིམས་ལ་ངོ་རྒོལ་བྱས་ནས་ཉི་མ་གཅིག་གི་གཞུག་སྟེ། ཕྱི་ཟླ་༦་ཚེས་༡༧་ཉིན་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་གྱི་ན་གཞོན་འགོ་ཁྲིད་ཇཱོ་ཤི་ཝ་ཝང་བཙོན་ཁང་ནས་གློད་གྲོལ་ཐོབ། ཁོ་པར་༢༠༡༤་ལོར་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་གྱི་འགོ་ཁྲིད་པའི་ནག་ཉེས་ཐོག་ཏུ་དུས་ཡུན་ཟླ་བ་གཉིས་ཀྱི་བཙོན་འཇུག་གི་ཁྲིམས་ཐག་བཅད་ཀྱང་ཟླ་བ་གཅིག་གི་རྗེས་སུ་བཙོན་ཁང་ནས་གློད་གྲོལ་བཏང་འདུག ཇཱོ་ཤི་ཝ་ཝང་གིས་ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་ལ་ཁོ་པ་བཙོན་ཁང་ནས་གློད་གྲོལ་བཏང་བ་དང་ཧོང་ཀོང་གི་དམངས་གཙོའི་འཐབ་རྩོད་ལངས་ཡོད་པའི་དུས་ཚོད་གཉིས་མཉམ་དུ་ཁེལ་བ་ཧ་ཅང་ཡག་པོ་བྱུང་སོང་། ལོ་ལྔའི་གོང་དུ་ཧོང་ཀོང་གི་ཉི་གདུགས་སེར་པོའི་དམངས་གཙོའི་ལས་འགུལ་མཇུག་བསྒྲིལ་ཁ་དེར་ང་ཚོ་བསྐྱར་དུ་ལང་རྒྱུ་ཡིན་ཞེས་བཤད་ཡོད། ཁ་སང་ཧོང་ཀོང་བ་ས་ཡ་གཉིས་ལྷག་གིས་ངོ་རྒོལ་ཁྲོམ་སྐོར་བྱས་པ་དང་ཧོང་ཀོང་མི་དམངས་ཀྱིས་འཐབ་རྩོད་འདི་ཡུན་རིང་གི་འཐབ་རྩོད་ཅིག་ཡིན་པ་ངོས་ཟིན་འདུག་ཅེས་བཤད། ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ལ་ཞུགས་པའི་མི་མང་གིས་སྲིད་སྐྱོང་ཁེ་རི་ལམ་མམ་རྒྱ་སྐད་དུ་ལིང་ཀྲིན་ཡའེ་ཨི་ལས་གནས་ནས་གནང་བ་ཞུ་དགོས་ཞེས་སྐད་འབོད་བྱས་པར་ཇཱོ་ཤི་ཝ་ཝང་གིས་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་བསྟན་འདུག

ཁ་སང་གི་ངོ་རྒོལ་རྗེས་སུ་ཧོང་ཀོང་གི་སྲིད་སྐྱོང་ཁེ་རི་ལམ་གྱིས་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་བཅའ་ཁྲིམས་གཏན་འབེབས་བྱ་རྒྱུ་ཕྱིར་འཐེན་དང་ཧོང་ཀོང་མི་དམངས་ལ་བཟོད་གསོལ་ཞུས། ཡིན་ནའང་ཧོང་ཀོང་དམིགས་བསལ་ས་ཁུལ་དུ་སྲིད་སྐྱོང་ཁེ་རི་ལམ་རང་གི་ལས་གནས་ནས་གནང་བ་ཞུ་དགོས་ཞེས་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་ཅིང་། ཉམས་ཞིབ་པ་རོ་ཇཱར་ཧིལ་གྱིས་ཧོང་ཀོང་གི་སྲིད་སྐྱོང་ཁེ་རི་ལམ་གྱིས་མི་མང་ས་ཡ་གཅིག་ལྷག་གིས་ངོ་རྒོལ་མ་བྱས་བར་དུ་བཅའ་ཁྲིམས་གཏན་འབེབས་བྱ་རྒྱུ་ངང་འཐེན་མ་བྱས་དོན་ཅི་ཞིག་ཡིན་ནམ། དེའི་རྒྱུ་མཚན་ནི་ཁོ་མོ་ཧོང་ཀོང་མི་དམངས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་མིན་པའི་རྟགས་མཚན་རེད། ད་ལྟ་ཁེ་རི་ལམ་རང་གི་ལས་གནས་ནས་གནང་བ་ཞུ་དགོས་པའི་དུས་ཚོད་རེད་ཅེས་བཤད། དམངས་གཙོ་དོན་གཉེར་བ་ཇཱོ་ཤི་ཝ་ཝང་གིས་ཧོང་ཀོང་ནི་མི་འབོར་ས་ཡ་༧་ལས་མེད་པའི་རྒྱལ་སྤྱིའི་གྲོང་ཁྱེར་ཞིག་ཡིན། ཕྱི་ཟླ་༦་ཚེས་༡༦་ཉིན་ཧོང་ཀོང་བ་ས་ཡ་༢་ལྷག་ངོ་རྒོལ་བྱེད་དུ་ཡོང་བ་དེ་ལ་བལྟས་ན་ཧོང་ཀོང་མི་དམངས་ལ་གཅིག་གྱུར་གྱི་ལྟ་ཚུལ་ཞིག་ཡོད་པ་མཚོན་ཐུབ། སྲིད་སྐྱོང་ཁེ་རི་ལམ་གྱི་ཆབ་སྲིད་ཆེད་ལས་མཚམས་འཇོག་བྱ་དགོས་པའི་དུས་སུ་སླེབས་འདུག་ཅེས་བཤད་པར་མ་ཟད། རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་དཀའ་ངལ་སེལ་ཐུབ་ཀྱི་མེད་པ་དང་རྒྱ་ནག་གི་དཔལ་འབྱོར་སྔར་བཞིན་འཕེལ་རྒྱས་འགྲོ་ཐུབ་རྒྱུ་ཡིན་མིན་ངེས་གཏན་མེད་པ། ཧོང་ཀོང་མི་མང་གིས་ཀྱང་ངོ་རྒོལ་ཁྲོམ་སྐོར་བྱེད་ཀྱི་ཡོད་པ་རྣམས་ཞིས་ཅིན་ཕིང་གིས་བློ་འཚབ་བྱ་དགོས་པའི་གནད་དོན་ཞིག་རེད་ཅེས་བཤད་འདུག

ཇཱོ་ཤི་ཝ་ཝོང་གིས་ཧོང་ཀོང་ས་གནས་གཞུང་གིས་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་བཅའ་ཁྲིམས་ཤིག་གཏན་འབེབས་བྱ་འཆར་ཡོད་པ་ཕྱིར་འཐེན་ཆ་ཚང་མ་བྱས་ན་གནད་ཡོད་ལས་སྣེ་ཁག་ཅིག་གིས་གནང་བ་ཞུ་རྒྱུ་ཉག་ཅིག་རེད། དེ་ནས་ཧོང་ཀོང་མི་དམངས་ཀྱིས་མུ་མཐུད་དུ་ངོ་རྒོལ་བྱ་རྒྱུ་དང་ད་ལོའི་ཕྱི་ཟླ་༧་པའི་ཚེས་གཅིག་སྟེ། ཧོང་ཀོང་གི་བདག་དབང་རྒྱ་ནག་ལ་རྩིས་སྤྲོད་བྱས་པའི་དུས་དྲན་ཉིན་མོར་ཧོང་ཀོང་མི་དམངས་ཀྱི་སླར་ཡང་ངོ་རྒོལ་ཁྲོམ་སྐོར་ཆེན་པོ་ཞིག་བྱ་སྲིད་ཅེས་ཉེན་བརྡ་བཏང་ཞིང་། གཟའ་ཟླ་བའི་ཉིན་ཇཱོ་ཤིང་ཝ་ཝང་བཙོན་ཁང་ནས་གློད་གྲོལ་ཐོབ་པའི་གཞུག་གི་ལས་དོན་ཨང་དང་པོ་ནི་ཉེ་ཆར་གཟའ་སྤེན་པའི་ཉིན་ཧོང་ཀོང་གི་ངོ་རྒོལ་ལས་འགུལ་སྐབས་སུ་སྐྱེས་པ་ཞིག་ལ་འཆི་སྐྱོན་འབྱུང་ཡུལ་དེར་མེ་ཏོག་གི་མཆོད་པ་ཕུལ་ནས་དམངས་གཙོ་དོན་གཉེར་བ་འདས་པོ་དེར་རྗེས་དྲན་ཞུས། ད་ཐེངས་ཀྱི་ངོ་རྒོལ་ལས་འགུལ་དེར་༢༠༡༤་ལོའི་དམངས་གཙོའི་ལས་འགུལ་གྱི་སྣེ་ཁྲིད་པ་དང་ན་གཞོན་གྱི་སྲིད་དོན་ཚོགས་པ་ཁག་གི་ཚོགས་མི་ཚོས་ནུས་པ་ཆེན་པོ་ཐོན། གཟའ་སྤེན་པའི་ཉིན་ཧོང་ཀོང་གི་སྲིད་སྐྱོང་ཁེ་རི་ལམ་གྱིས་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་བཅའ་ཁྲིམས་གཏན་འབེབས་བྱ་རྒྱུ་ངང་འཐེན་བྱས་པ་ཡིན། ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་བཅའ་ཁྲིམས་གཏན་འབེབས་བྱ་རྒྱུ་དེར་ངོ་རྒོལ་བྱེད་ཀྱི་ཡོད་པ་ནི་ཧོང་ཀོང་མི་དམངས་ལ་གོ་བརྡ་ཡག་པོ་ཞིག་མ་འཕྲོད་པའི་རྐྱེན་གྱིས་ཡིན་ཞེས་ཁྱབ་བསྒྲགས་བྱས་ཀྱང་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཚོས་ཁྲིམས་གཞི་དེ་གཏན་འབེབས་བྱ་རྒྱུ་མིན་པའི་ཐག་གཅོད་བྱ་དགོས། ཧོང་ཀོང་གི་ཉེན་རྟོག་པ་ཚོས་མི་མང་ངོ་རྒོལ་བ་ཚོར་དྲག་གནོན་བྱས་པར་ཁ་རྡུང་གཏོང་རྒྱུ་ཡིན། ང་ཚོའི་ལས་འགུལ་འདིར་གནས་སྐབས་ཀྱི་རྒྱལ་ཁ་ཞིག་ཐོབ་ཀྱང་མཐར་ཐུག་གི་རྒྱལ་ཁ་འཐོབ་མེད། དེར་བརྟེན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་སྔར་བཞིན་ཧོང་ཀོང་མི་དམངས་ལ་རྒྱབ་སྐྱོར་དང་ཧོང་ཀོང་གི་བདེ་དོན་ལ་ཐུགས་ཁུར་བཞེས་དགོས་ཞེས་ནན་བརྗོད་བྱས་འདུག

ཕྱི་ཟླ་༦་ཚེས་༡༧་ཉིན་ཇཱོ་ཤི་ཝ་ཝང་གིས་ཀོང་ཏུང་སྐད་དང་རྒྱ་ནག་གི་སྤྱི་སྐད། དབྱིན་སྐད་བཅས་ཀྱིས་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་མཁན་ཚོ་བཀའ་དྲིན་ཆེ། ལྷག་པར་དུ་ཐེ་ཝན་མི་དམངས་ཀྱིས་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཞེས་སྐད་ཡིག་གསུམ་གྱི་ནང་དུ་གསར་འགོད་པ་ཚོར་གཏམ་བཤད་བྱས་པ་དང་། ཧོང་ཀོང་གི་དམངས་གཙོའི་ལས་འགུལ་དང་རྒྱ་ནག་གཞུང་གིས་ཧོང་ཀོང་དམིགས་བསལ་ས་ཁུལ་དེར་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་ལེན་བསྟར་གྱི་ཡོད་པ་ཐེ་ཝན་གྱི་སྲིད་འཛིན་འོས་འདེམས་ཀྱི་རྩ་དོན་ཆེན་པོ་ཞིག་ལ་གྱུར་ཡོད་ཅིང་། ན་ནིང་ཕྱི་ལོ་གསར་པའི་སྐབས་སུ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་ཐེ་ཝན་ལའང་ཧོང་ཀོང་ལྟར་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་ལེན་བསྟར་ནས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་དགོས་ཞེས་གྲོས་གཞི་བཏོན། རྒྱ་ནག་གཞུང་གིས་ཧོང་ཀོང་ལ་རང་སྐྱོང་གི་ཐོབ་ཐང་སྤྲོད་རྒྱུའི་ཁས་ལེན་བྱས་པ་ཅི་ཙམ་བརྩི་མེད་བཏང་ན་དེ་ཙམ་གྱིས་རྒྱ་ནག་དང་ཐེ་ཝན་གཉིས་གཅིག་གྱུར་བྱ་རྒྱུ་ལག་ལེན་བསྟར་བར་དཀའ་ངལ་ཆེ་རུ་འགྲོ་བཞིན་ཡོད་པར་བརྟེན། རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་འོག་ཏུ་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་དགོས་ཟེར་གྱི་ཡོད་པ་དེར་ཐེ་ཝན་གྱི་གོ་མིན་ཏང་གི་སྲིད་འཛིན་འོས་མི་ཚོས་ཀྱང་མོས་མཐུན་བྱེད་ཀྱི་མེད་པ་རེད།།

༡༩༩༧་ལོར་ཧོང་ཀོང་གི་བདག་དབང་རྒྱ་ནག་གིས་རྩིས་ལེན་བྱས་ཀྱང་པེ་ཅིང་གི་དབང་འཛིན་པ་ཚོས་ཧོང་ཀོང་ལ་རང་དབང་དང་གུ་ཡངས། དཔལ་འབྱོར་དང་ཚོང་ལས། ཤེས་ཡོན་སློབ་གསོ་དང་རང་བཙན་གྱི་ཁྲིམས་འཛིན་ལམ་ལུགས་བཅས་ཐུན་མོང་མ་ཡིན་པའི་སྤྱི་ཚོགས་ལམ་ལུགས་ཤིག་དར་ཡོད་པ་རང་སོར་འཇོག་རྒྱུ་ཡིན། རྒྱ་ནག་གིས་ཧོང་ཀོང་གི་ཕྱི་སྲིད་དང་སྲུང་སྐྱོབ་ཀྱི་འགན་ཁུར་གཅིག་པུ་ལེན་རྒྱུ་དང་ཧོང་ཀོང་གི་ནང་སྲིད་ལ་ཐེ་གཏོགས་བྱ་རྒྱུ་མིན་ཞེས་ཁས་ལེན་བྱས། འོན་ཀྱང་འདས་པའི་ལོ་༢༢་ཀྱི་རིང་དུ་རྒྱ་ནག་གཞུང་གིས་རང་གི་ཁས་ལེན་དམ་བཅའ་རྣམས་རེ་རེ་བཞིན་བརྩི་མེད་བཏང་ནས་ཧོང་ཀོང་གི་ནང་སྲིད་ལ་ཐེ་གཏོགས་དང་ཧོང་ཀོང་ལ་དམ་དྲག་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་སྟེ། ༢༠༠༤་ལོར་ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་ལ་འཇིགས་སྐུལ་རིང་ལུགས་པར་འཐབ་རྒོལ་ཟེར་པའི་དོན་ཚན་ཞིག་ཁ་སྣོན་བྱ་དགོས་པའི་གྲོས་གཞི་བཏོན། ད་ལྟ་རྒྱ་ནག་གཞུང་གིས་ཧོང་ཀོང་གི་འགོ་ཁྲིད་ཚོར་ཁྲིམས་བྱོལ་བ་རྣམས་རྩིས་སྤྲོད་ཀྱི་བཅའ་ཁྲིམས་ཤིག་གཏན་འབེབས་བྱ་དགོས་པའི་གནོན་ཤུགས་སྤྲོད་ཀྱི་ཡོད་པ་དང་། གལ་སྲིད་ཁྲིམས་བྱོལ་བ་རྣམས་རྩིས་སྤྲོད་ཀྱི་བཅའ་ཁྲིམས་ཤིག་གཏན་འབེབས་བྱུང་ན་ཧོང་ཀོང་དམིགས་བསལ་ས་ཁུལ་དུ་བྲོས་བྱོལ་དུ་ཕྱིན་ཡོད་པའི་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་རྣམས་ཧོང་ཀོང་ས་གནས་གཞུང་གིས་རྒྱ་ནག་ལ་ཕྱིར་སློག་བྱེད་ཆོག་གི་ཡོད་པ་རེད།།

XS
SM
MD
LG