ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རྒྱའི་ཚོང་དམག་དང་སྔོན་འགྲོའི་ཆ་རྐྱེན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཟླ་མཇུག་འདིར་ཉི་ཧོང་གི་ཨོ་ས་ཁ་གྲོང་ཁྱེར་དུ་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་༢༠་ཐམ་པའི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་ལོ་འཁོར་ཚོགས་འདུ་འཚོགས་ཀྱི་ཡོད་ཅིང་། སྐབས་དེར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གཉིས་ཐུག་འཕྲད་ཀྱིས་ཨ་རྒྱའི་ཚོང་དམག་མཇུག་བསྒྲིལ་ཐུབ་རྒྱུའི་རེ་བ་འཆང་གི་ཡོད་ཀྱང་རྒྱ་ནག་གཞུང་གིས་ཕྱོགས་གཉིས་ཀྱི་ཚོང་དམག་མཇུག་བསྒྲིལ་རྒྱུ་དེར་བྲེལ་འཚབ་མེད་པའི་རྣམ་འགྱུར་ཞིག་བསྟན། དཔེར་ན་རྒྱ་ནག་གི་ཚོང་དོན་ལྷན་ཁང་གི་རྒྱལ་སྤྱིའི་ཚོང་ལས་ཉམས་ཞིབ་ཚན་པའི་འགན་འཛིན་ལེང་མིང་གིས་གསར་འགོད་པ་ཚོར་ང་ཚོས་ཕྱོགས་ཡོངས་ནས་བལྟ་དགོས། ཕྱོགས་ཡོངས་ལ་བལྟས་ན་རྒྱ་ནག་ལ་ཚོང་དམག་འདི་མྱུར་དུ་མཇུག་བསྒྲིལ་དགོས་པའི་བྲེལ་འཚབ་མེད། འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་༢༠་ཐམ་པའི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་ལོ་འཁོར་ཚོགས་ཆེན་ཞོར་དུ་སྲིད་འཛིན་ཞིས་ཅིན་ཕིང་དང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གཉིས་ཐུག་འཕྲད་གྲོས་མོལ་འབྱུང་སྲིད། འོན་ཀྱང་ཨ་མི་རི་ཀས་ལྷག་བསམ་རྣམ་དག་བྱ་དགོས་ཞེས་སྔོན་འགྲོའི་ཆ་རྐྱེན་ཞིག་བཏོན། རྒྱ་ནག་གིས་ཕྱོགས་གཉིས་ཀྱི་ཚོང་དམག་འདི་ཇི་ལྟར་མཇུག་བསྒྲིལ་དགོས་མིན་ནི་རྒྱ་ནག་གི་ལག་ཏུ་ཡོད་པ་ལས་ཨ་མི་རི་ཀར་ཐུག་མེད་པའི་བག་ཆགས་ཤིག་འཇོག་ཐབས་བྱེད་ཀྱི་ཡོད་པ་རེད།།

ཨ་མི་རི་ཀ་དང་རྒྱ་ནག་གི་ཚོང་དོན་གྲོས་མོལ་འགགས་ནས་ཡར་རྒྱས་གང་ཡང་འགྲོ་ཐུབ་ཀྱི་མེད་པས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་༢༠་ཐམ་པའི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་ལོ་འཁོར་ཚོགས་ཆེན་ཞོར་དུ་ཞིས་ཅིན་ཕིང་གིས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ལ་ཐུག་འཕྲད་བྱ་འཆར་ཡོད་མེད་ངེས་གཏན་བྱས་མེད། རྒྱ་ནག་གཞུང་གིས་སྲིད་འཛིན་ཞིས་ཅིན་ཕིང་༢༠༡༩་ལོའི་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་༢༠་ཐམ་པའི་ཆེས་མཐོའི་འགོ་ཁྲིད་རྣམ་པའི་ལོ་འཁོར་ཚོགས་ཆེན་ལ་མཉམ་ཞུགས་བྱ་སྲིད་ཅེས་བསྒྲགས་ཀྱང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ལ་ཐུག་འཕྲད་གྲོས་མོལ་བྱ་འཆར་ཡོད་མེད་ངེས་གཏན་བྱས་མེད། གཟའ་ཕུར་བུའི་ཉིན་རྒྱ་ནག་གི་སྐུ་ཚབ་ཚོས་ཞིས་ཅིན་ཕིང་གིས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ལ་ཚོགས་ཆེན་ཞོར་དུ་ཐུག་འཕྲད་བྱ་སྲིད་ཅེས་གཏན་ཁེལ་མེད་པའི་སྐད་ཆ་ཞིག་བཤད། རྒྱ་ནག་གཞུང་གིས་ཕྱོགས་གཉིས་ཀྱི་ཚོང་ལས་གྲོས་མཐུན་ཞིག་འཇོག་དགོས་ན་ཨ་མི་རི་ཀས་ངེས་པར་དུ་ཆ་རྐྱེན་ཁག་ཅིག་ལ་མོས་མཐུན་བྱ་དགོས། སྔོན་འགྲོའི་ཆ་རྐྱེན་དེ་དག་གི་གྲས་སུ་ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་འཕར་མ་སྤར་ཡོད་པ་རྣམས་མེད་པར་གཏོང་དགོས། ན་ནིང་ལོ་མཇུག་དེར་ཨར་ཆིན་ཊི་ནའི་ས་ཐོག་ཏུ་ཞིས་ཅིན་ཕིང་དང་ཌོ་ནལ་ཊམ་གཉིས་གྲོས་མཐུན་བྱུང་བའི་རྩ་འཛིན་ཁག་ལག་ལེན་བསྟར་དགོས། རྒྱ་ནག་གིས་འདྲ་མཉམ་ལ་བརྩི་བའི་ཆ་རྐྱེན་ཁག་ལ་ཨ་མི་རི་ཀས་མོས་མཐུན་བྱ་དགོས། རྒྱ་ནག་གི་ལངས་ཕྱོགས་ནི་ཐོག་མཐའ་བར་གསུམ་དུ་གསལ་པོ་ཡིན། ཕྱོགས་གཉིས་ཀྱི་ཚོང་ལས་ལ་འགལ་ཟླ་སློང་མཁན་ཨ་མི་རི་ཀ་རེད་ཅེས་སྐད་ཆ་མཁྲེགས་པོ་བཤད་འདུག

ཟླ་བ་སྔོན་མར་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་མཚམས་ཆད། དེ་ནས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་སྒོར་ཐེར་འབུམ་༢༠༠་ཐམ་པའི་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༢༥་བར་དུ་སྤར་ཡོད་པར་མ་ཟད། ད་དུང་ཨ་སྒོར་ཐེར་འབུམ་༣༠༠་ལྷག་གི་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༢༥་སྤར་སྲིད་ཅེས་སྡིགས་ར་བསྐུལ། རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་ལ་ཨ་མི་རི་ཀའི་འཕྲུལ་རིག་བཟོ་ཚོང་ལས་ཁང་ཁག་གིས་ཚོང་འབྲེལ་བཅད། རྒྱ་ནག་གི་སློབ་ཕྲུག་རྣམས་ཀྱང་ཨ་མི་རི་ཀའི་སློབ་ཆེན་ཁག་ལ་སློབ་སྦྱོང་བྱེད་དུ་ཡོང་ཆོག་པའི་ཐོངས་མཆན་སྤྲོད་རྒྱུ་དམ་དུ་བཏང་སྟེ་རྒྱ་ནག་གཞུང་གིས་རང་གི་སློབ་ཕྲུག་ཚོ་དང་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ཨ་མི་རི་ཀར་སློབ་གཉེར་དང་ལྟ་སྐོར་ལ་འགྲོ་རྒྱུ་དེར་འཛེམ་ཟོན་བྱ་དགོས་པའི་སྐུལ་ལྕག་གཏོང་བའི་ལས་འགུལ་སྤེལ། རྒྱ་ནག་ནང་ཁུལ་དུ་དམར་ཤོག་གི་གསར་བརྗེའི་ལོ་རྒྱུས་རྣམས་ཕྱིར་དྲན་བྱས་ནས་ཨ་མི་རི་ཀར་འཐབ་རྒོལ་བྱ་དགོས། རྒྱ་ནག་གིས་ཨ་མི་རི་ཀར་མགོ་སྒུར་རྒྱུ་མིན། རྒྱ་ནག་གིས་ཕམ་ཁ་འཁུར་རྒྱུ་མིན་ཞེས་མང་ཚོགས་ལ་སྐུལ་སློང་བྱས་ནས་གཞུང་གི་སྲིད་ཇུས་དེར་རྒྱབ་སྐྱོར་བྱེད་དུ་འཇུག་གི་ཡོད་ཅིང་། རྒྱ་ནག་གཞུང་གིས་སྲིད་འཛིན་ཌོ་ནལ་ཊམ་གྱིས་ལོ་རྗེས་མའི་འོས་འདེམས་ལ་དམིགས་ནས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་གྱི་ཡོད་པའི་ངོས་འཛིན་བྱས་འདུག

རྒྱ་ནག་གཞུང་གིས་ལོ་འདིའི་མགོ་སྟོད་ཟླ་བ་གསུམ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཕྱིར་བསྒྲགས་བྱས་པ་ལྟར་ན་རྒྱ་ནག་གི་བཟོ་ལས་དཔལ་འབྱོར་ལོ་༡༧་རིང་ལ་བྱུང་མྱོང་མེད་པའི་འཕེལ་རྒྱས་ཀྱི་མྱུར་ཚད་དལ་དུ་ཕྱིན་འདུག ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གིས་ཀྱང་རྒྱ་ནག་ལ་མ་རྩ་བཙུགས་ནས་ཚོང་ལས་གཉེར་རྒྱུ་ཉུང་དུ་བཏང་ཞིང་། ༢༠༡༨་ཀྱི་མགོ་སྟོད་ཟླ་བ་གསུམ་གྱི་རིང་ལ་རྒྱ་ནག་གི་ས་ཐོག་ཏུ་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་གིས་མ་རྩ་བཙུགས་ནས་ཚོང་ལས་གཉེར་མཁན་བརྒྱ་ཆ་༢༤་དང་གྲངས་ཆུང་༣་ཡོད་ཀྱང་༢༠༡༩་ལོའི་མགོ་སྟོད་ཟླ་བ་གསུམ་གྱི་རིང་ལ་རྒྱ་ནག་གི་ས་ཐོག་ཏུ་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་གིས་མ་རྩ་བཙུགས་ནས་ཚོང་ལས་གཉེར་མཁན་བརྒྱ་ཆ་༧་དང་གྲངས་ཆུང་༥་ལས་མེད། རྒྱ་ནག་གི་ཚོང་དོན་ལྷན་ཁང་གི་མགྲིན་ཚབ་པ་གའོ་ཏིང་གིས་ཨ་མི་རི་ཀ་དང་རྒྱ་ནག་གི་ཚོང་དམག་མཇུག་མ་བསྒྲིལ་ན་འཛམ་གླིང་གི་དཔལ་འབྱོར་ཉམས་རྒུད་འགྲོ་སྲིད་ཅེས་ཉེན་བརྡ་བཏང་འདུག རྒྱ་ནག་གི་དབུས་དངུལ་ཁང་གི་གཙོ་འཛིན་ཟུར་པ་ཀྲུའུ་ཞའོ་ཁྲོན་གྱིས་ཨ་མི་རི་ཀ་དང་རྒྱ་ནག་གི་ཚོང་དམག་འདིས་རྒྱལ་ཁབ་མང་པོ་ཞིག་ལ་དཀའ་ངལ་སྤྲོད་སྲིད། རྒྱལ་ཁབ་ཀྱི་དཔལ་འབྱོར་ཕྱིར་ཚོང་ལ་བརྟེན་ནས་ཡོད་པ་དེ་དག་གིས་རང་རང་གི་དངུལ་ལོར་གྱི་འཛའ་ཐང་བཅག་ནས་སྒོ་ཁྲལ་འཕར་བའི་གྱོང་གསབ་བྱས་ན་འཛམ་གླིང་གི་ནོར་སྲིད་ཁྲོམ་རར་དོ་ཕོག་ཆེན་པོ་ཐེབས་སྲིད་ཅེས་བཤད་ཡོད་པས་ཉམས་ཞིབ་པ་ཚོས་རྒྱ་ནག་གི་དངོས་ཟོག་ཕྱིར་ཚོང་བྱ་ཐབས་སུ་མི་དམངས་ཤོག་སྒོར་གྱི་འཛའ་ཐང་གཅོག་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

འདི་ཙམ་ན་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་༦༠༠་ལྷག་གིས་སྲིད་འཛིན་ཌོ་ནལ་ཊམ་ལ་སྙན་ཞུ་ཕུལ་ནས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་རྒྱུ་མཚམས་འཇོག་བྱ་དགོས། ཨ་མི་རི་ཀས་བཟོ་ཚོང་ལས་ཁང་ཆུང་ཁག་གི་ཚོང་ཟོག་དང་མི་མང་ལོངས་སྤྱོད་པ་ཚོར་དངོས་ཟོག་གི་རིན་གོང་འཕར་གྱི་འདུག ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཆུང་ཁག་གིས་སྔར་བཞིན་ཚོང་ལས་གཉེར་མི་ཐུབ་པའི་དཀའ་ངལ་འཕྲད་ཀྱིན་འདུག་ཅེས་འབོད་སྐུལ་ཞུས། ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཆེ་ཁག་༡༥༠་ལྷག་གིས་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་པ་དེར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། ལྷག་པར་དུ་ཨ་རིའི་གྲོས་ཚོགས་སུ་སྲིད་དོན་ཚོགས་པ་གཉིས་ཀྱི་གྲོས་ཚོགས་འཐུས་མི་ཚོས་སྲིད་འཛིན་ཌོ་ནལ་ཊམ་ལ་རྒྱབ་སྐྱོར་ཡོད་པ། ཕོ་བྲང་དཀར་པོའི་ཚོང་དོན་སློབ་སྟོན་པས་རྒྱ་ནག་གི་བཟོ་ལས་ཁག་ལ་དཀའ་ངལ་འཕྲད་པ་དང་ནུབ་ཕྱོགས་ཀྱི་བཟོ་ཚོང་ལས་ཁང་མང་པོ་ཞིག་རྒྱ་ནག་ནས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་གཞན་ཁག་ལ་གནས་སྤོར་བྱེད་ཀྱིན་འདུག རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་བའི་རྐྱེན་གྱིས་རྒྱ་ནག་གི་དངོས་ཟོག་མང་པོ་ཞིག་ཕྱིར་ཚོང་བྱེད་ཐུབ་ཀྱི་མེད་པ་དང་རྒྱ་ནག་གི་དངོས་ཟོག་ཕྱིར་ཚོང་བྱེད་མ་ཐུབ་ན་དངོས་ཟོག་གི་རིན་གོང་གཅོག་དགོས། རྒྱ་ནག་གི་མི་མང་ལས་ཤོར་པའི་གྲངས་འབོར་ཡང་མང་དུ་འགྲོ་བཞིན་ཡོད་པས་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གིས་དངོས་ཟོག་ལ་སྒོ་ཁྲལ་སྤར་པ་དེར་ནུས་པ་འཐོན་གྱི་འདུག་ཅེས་རྒྱུ་མཚན་བགྲངས་ཡོད་པ་རེད།།

XS
SM
MD
LG