ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཧོང་ཀོང་ལ་སླར་ཡང་ངོ་རྒོལ་བྱ་དགོས་པའི་འབོད་སྐུལ།


༄༅།། ཧོང་ཀོང་གི་ངོ་རྒོལ་ལས་འགུལ་བའི་འགོ་ཁྲིད་ཚོས་ཕྱི་ཟླ་༦་ཚེས་༡༦་ཉིན་སླར་ཡང་ངོ་རྒོལ་བྱ་དགོས། ཧོང་ཀོང་ས་གནས་གཞུང་གིས་མངའ་ཁུལ་དེའི་གཞི་རྩའི་བཅའ་ཁྲིམས་ལ་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་དོན་ཚན་ཞིག་ཁ་སྣོན་བྱ་དགོས་ཟེར་གྱི་ཡོད་པ་ཕྱིར་འཐེན་མ་བྱས་བར་དུ་ཧོང་ཀོང་མི་དམངས་ཀྱིས་ངོ་རྒོལ་བྱ་རྒྱུ་མཚམས་འཇོག་གི་མིན་ཞེས་མང་ཚོགས་ལ་སྐུལ་སློང་བརྡ་ཁྱབ་ཅིག་བཀྲམ། ཁ་སང་གཟའ་ལྷག་པར་ཧོང་ཀོང་གི་གྲོས་ཚོགས་སུ་ཁྲིམས་གཞི་དེར་གྲོས་བསྡུར་ཐེངས་གཉིས་པ་བྱ་རྒྱུའི་འཆར་གཞི་ཡོད་ཀྱང་ཧོང་ཀོང་མི་མང་འབུམ་ཕྲག་མང་པོས་ངོ་རྒོལ་བྱས་ནས་ས་གནས་དེའི་གྲོས་ཚོགས་མཐའ་བསྐོར་ནས་འཐུས་མི་ཚོ་གྲོས་བསྡུར་བྱེད་དུ་ཕེབས་ཐུབ་མེད། ཧོང་ཀོང་གི་ཉེན་རྟོག་པ་ཚོས་མི་མང་ངོ་རྒོལ་བའི་ཁྲོད་དུ་མཆི་སྦྱིན་དུག་མདའ་འཕངས་པ་དང་འགྱིག་གི་མདེའུ་བརྫངས་ནས་མེ་མདའ་བརྒྱབ་སྟེ་མི་ཚོགས་ཁ་གཏོར་གཏོང་ཐབས་བྱས་ཀྱང་ངོ་རྒོལ་ཁྲོམ་སྐོར་པ་ཚོས་རྡོ་དང་སོ་ཕག རྒྱུག་པ་སོགས་ལག་ཏུ་ཐོགས་ཏེ་ཉེན་རྟོག་པར་ངོ་རྒོལ་སློག་ནས་ཉེན་རྟོག་པ་དང་གསར་འགོད་པ། མི་མང་ངོ་རྒོལ་ཁྲོམ་སྐོར་བ་བཅས་ཁྱོན་བསྡོམས་མི་༨༠་ཡས་མས་ཤིག་ལ་རྨས་སྐྱོན་ཕོག

འདས་པའི་གཟའ་འཁོར་གཅིག་ཡས་མས་ཤིག་གི་རིང་ལ་ཧོང་ཀོང་མི་དམངས་ས་ཡ་གཅིག་ཡས་མས་ཤིག་གིས་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་བཅའ་ཁྲིམས་དེར་ངོ་རྒོལ་བྱས་ནས་ཧོང་ཀོང་གི་སྲིད་སྐྱོང་ལས་ཁུངས་དང་གྲོས་ཚོགས་ཁང་གི་མཐའ་འཁོར། ཧོང་ཀོང་གི་ཝྭིཀ་ཊོ་རི་ཡ་སྤྱི་གླིང་བཅས་སུ་ངོ་རྒོལ་བྱས་ནས་དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་གྱུར་པའི་ས་གནས་དེར་ཟིང་འཁྲུག་ཆེན་པོ་ལངས། ཧོང་ཀོང་གི་ཉེན་རྟོག་པའི་སྤྱི་ཁྱབ་ཀྱིས་ཕྱི་ཟླ་༦་ཚེས་༡༢་ཉིན་གྱི་ངོ་རྒོལ་ཁྲོམ་སྐོར་ལ་ཞུགས་པའི་མི་༡༡་འཛིན་བཟུང་བྱས་པ་ཡིན། མི་༧༩་ལ་རྨས་སྐྱོན་ཕོག་ནས་སྨན་བཅོས་བྱ་དགོས་བྱུང་སོང་ཞེས་བཤད། ཧོང་ཀོང་གི་སྤྱི་དམངས་ཐོབ་ཐང་རྩོད་ལེན་ཚོགས་པའི་འགོ་ཁྲིད་ཇཱི་མཱི་ཆན་གྱིས་གཟའ་ཉི་མ་འདིར་ཧོང་ཀོང་གི་ས་གནས་ཡོངས་སུ་སླར་ཡང་ངོ་རྒོལ་ཁྲོམ་སྐོར་བྱ་དགོས། གཟའ་ཟླ་བའི་ཉིན་ལས་བཤོལ་ངོ་རྒོལ་བྱ་དགོས། ང་ཚོས་ཧོང་ཀོང་མི་མང་གི་མཉམ་དུ་ལས་འགུལ་འདི་མཐའ་འཁྱོངས་བྱ་དགོས། དུས་ནམ་ཞིག་ཧོང་ཀོང་མི་དམངས་ལ་གཉའ་གནོན་དང་ཁྱད་གསོད། ཧོང་ཀོང་མི་དམངས་ཀྱི་མངོན་འདོད་ལ་རྡོག་རོལ་བཏང་ནས་དཀའ་ངལ་འཕྲད་ན་ང་ཚོས་དེ་ལས་ཀྱང་སྟོབས་ཤུགས་བསྐྱེད་དགོས། ཧོང་ཀོང་གི་མི་མང་ངོ་རྒོལ་བ་རྣམས་ཇེ་མང་དུ་འགྲོ་རྒྱུ་ཆོས་ཉིད་རེད་ཅེས་གསར་འགོད་པར་གླེང་མོལ་བྱས་ཤིང་། ཁ་སང་གི་ངོ་རྒོལ་སྐབས་སུ་ཧོང་ཀོང་གི་ཚོང་ལས་ཕལ་ཆེ་བ་སྒོ་བརྒྱབ་ནས་ངོ་རྒོལ་ལས་འགུལ་ལ་ཞུགས། ཐ་ན་ཧོང་ཀོང་གི་སློབ་ཕྲུག་ཚོ་ཡང་འཛིན་གྲྭ་མ་ཚོགས་པར་ཁྲོམ་སྐོར་ལ་ཞུགས།།

གཟའ་མཇུག་འདིར་སླར་ཡང་ཧོང་ཀོང་མི་དམངས་ཀྱིས་ངོ་རྒོལ་བྱས་ན་ཉེན་རྟོག་པས་དྲག་གནོན་བྱ་སྲིད་པའི་ཉེན་ཀ་ཡོད་ཅིང་། དཔེར་ན་ཧོང་ཀོང་དུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པས་ལིའུ་ཞའོ་མཱིང་གིས་ཉེན་རྟོག་པས་དྲག་གནོན་བྱས་པ་འོས་འཚམས་རེད། ཧོང་ཀོང་བ་དེ་དག་གིས་སྤྱི་ཚོགས་ཀྱི་བདེ་འཇགས་དང་སྒྲིག་སྲོལ་ཁག་ལ་གཏོར་བརླག་བྱེད་ཀྱིན་འདུག་ཅེས་བཤད་ཀྱང་གཟའ་ལྷག་པའི་ཉིན་ཧོང་ཀོང་གི་ཉེན་རྟོག་པས་མི་ཚོགས་ཁྲོད་དུ་འགྱིག་གི་མདེའུ་བརྒྱབ་པ་དང་མཆི་སྦྱིན་དུག་རླངས་གཏོར་པ། རླངས་འཁོར་ཐོག་ནས་ཆུ་མདའ་བརྒྱབ་པ་དང་ངོ་རྒོལ་ལས་འགུལ་བ་རྣམས་འཛིན་བཟུང་བྱས་པར་ཧོང་ཀོང་ཕྱི་ནང་གཉིས་སུ་ངོ་རྒོལ་དང་སྐྱོན་བརྗོད་དྲག་པོ་ཕོག་གི་ཡོད་པ་སྟེ། ཡུ་རོབ་མཉམ་འབྲེལ་གྱིས་ཧོང་ཀོང་ས་གནས་གཞུང་གི་འགོ་ཁྲིད་ཚོས་མི་དམངས་ངོ་རྒོལ་བའི་ཐོབ་ཐང་ལ་བརྩི་འཇོག་བྱ་དགོས། ཧོང་ཀོང་གི་ཉེན་རྟོག་པས་འོས་འཚམས་མིན་པ་དང་དགོས་ངེས་མིན་པའི་དྲག་གནོན་ཚབས་ཆེན་བྱས་སོང་ཞེས་ངོ་རྒོལ་བྱས་ཀྱང་ཧོང་ཀོང་གི་སྲིད་སྐྱོང་ཁེ་རི་ལམ་དང་རྒྱ་ནག་གཞུང་གཉིས་ཀས་ཁ་སང་གི་ངོ་རྒོལ་ཁྲོམ་སྐོར་དེ་ཟིང་འཁྲུག་རེད་ཅེས་སྐྱོན་བཙུགས། ༡༩༩༧་ལོར་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་པའི་རྗེས་སུ་དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་གྱུར་པའི་ས་གནས་དེར་ངོ་རྒོལ་རབ་དང་རིམ་པ་ཞིག་བྱུང་རུང་ཕྱི་ཟླ་༦་ཚེས་༡༢་ཉིན་བྱུང་བ་ལྟར་གྱི་དྲག་ཟིང་ཆེན་པོ་ཞིག་ལངས་མེད། ཧོང་ཀོང་གི་ཁྲིམས་རྩོད་པའི་མཐུན་ཚོགས་ཀྱིས་རང་བཙན་གྱི་ཚོགས་པ་ཞིག་གིས་ཉེན་རྟོག་པས་དྲག་གནོན་བྱས་པ་ཁྲིམས་འགལ་ཡིན་མིན་ཞིབ་འཇུག་བྱ་དགོས་ཞེས་ནན་བརྗོད་བྱས་འདུག

ཕྱི་ཟླ་༦་ཚེས་༡༣་ཉིན་ཧོང་ཀོང་གི་གྲོས་ཚོགས་ཚོགས་གཙོས་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་ཁྲིམས་གཞི་དེར་གྲོས་བསྡུར་བྱ་རྒྱུ་ཕར་འགྱངས་བྱས་པ་ཡིན་ཞེས་བསྒྲགས་ཀྱང་རྒྱ་ནག་གི་ཕྱོགས་གཏོགས་པ་ཚོས་འཕྲལ་དུ་ཁྲིམས་གཞི་དེར་གྲོས་བསྡུར་བྱ་དགོས་ཟེར་གྱིན་ཡོད་མོད། ཧོང་ཀོང་གི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་མངའ་ཁུལ་དེའི་མི་མང་གི་ངོ་རྒོལ་ཁྲོམ་སྐོར་ཞི་འཇམ་མ་སོང་བར་དུ་ཁྲིམས་གཞི་དེར་གྲོས་བསྡུར་བྱ་ཐུབ་ཐབས་མེད་ཅེས་དགག་པ་རྒྱག་གི་ཡོད་པར་མ་ཟད། ཉམས་ཞིབ་པ་མང་པོ་ཞིག་གིས་༢༠༠༤་ལོར་རྒྱ་ནག་གཞུང་གིས་ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ལ་འཇིགས་སྐུལ་རིང་ལུགས་པར་འཐབ་རྒོལ་ཞེས་པའི་དོན་ཚན་ཞིག་ཁ་སྣོན་བྱ་དགོས་པའི་རྒྱུད་སྐུལ་བྱས་ཀྱང་ཧོང་ཀོང་མི་དམངས་ཀྱིས་ངོ་རྒོལ་བྱས་ནས་དོན་ཚན་དེ་ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་ལ་ཁ་སྣོན་བྱས་ཐུབ་མེད། ད་ལྟ་ཧོང་ཀོང་གི་གྲོས་ཚོགས་འཐུས་མི་ཚོས་ཁྲིམས་གཞི་དེར་གྲོས་བསྡུར་བྱ་རྒྱུ་ཕར་འགྱངས་བྱས་པར་དཔགས་ཚེ། ད་ཐེངས་ཀྱང་༢༠༠༤་ལྟར་ཧོང་ཀོང་ལ་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་བཅའ་ཁྲིམས་ཤིག་གཏན་འབེབས་བྱ་ཐུབ་རྒྱུ་ཁག་པོ་ཡིན་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

རྒྱ་ནག་གཞུང་གི་གནོན་ཤུགས་འོག་ཏུ་ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་དེར་ཁྲིམས་བྱོལ་བ་རྣམས་རྩིས་སྤྲོད་བྱེད་ཆོག་པའི་དོན་ཚན་ཞིག་ཁ་སྣོན་བྱས་ན་རྒྱ་ནག་ནས་ཧོང་ཀོང་ལ་བྲོས་བྱོལ་དུ་ཡོང་སྟེ་ཧོང་ཀོང་དམིགས་བསལ་ས་ཁུལ་དུ་རང་དབང་དང་དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སོགས་ཀྱི་ཐོབ་ཐང་བརྩད་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་དང་ཆབ་སྲིད་ཀྱི་ལས་འགུལ་སྤེལ་མཁན་རྣམས་རྒྱ་ནག་ལ་ཕྱིར་སློག་བྱ་ཆོག ད་དུང་རིམ་བཞིན་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་རྣམས་ཀྱང་རྒྱ་ནག་ལ་རྩིས་སྤྲོད་བྱ་སྲིད་པའི་ཉེན་ཀ་འབྱུང་སྲིད། ཧོང་ཀོང་ས་གནས་གཞུང་གིས་ས་ཁུལ་དེའི་སྤྱི་དམངས་ཤིག་ལ་རང་གི་གྲོགས་མོ་བསད་པའི་ནག་ཉེས་ཡོད་པའི་དོགས་པ་ཡོད། ཁོ་པ་ཐེ་ཝན་ནས་ཧོང་ཀོང་ལ་རྩིས་ལེན་བྱ་དགོས་ཀྱིན་ཟེར་གྱི་ཡོད་ཀྱང་ཐེ་ཝན་གྱི་གཞུང་འབྲེལ་མི་སྣ་ཚོས་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་བཅའ་ཁྲིམས་ཤིག་གཏན་འབེབས་བྱས་ན་ཧོང་ཀོང་བ་དེ་ཐེ་ཝན་ནས་ཕྱིར་སློག་བྱ་རྒྱུ་མིན་ཞེས་སྡིགས་ར་བསྐུལ། གཟའ་ལྷག་པའི་ངོ་རྒོལ་གྱི་རྗེས་སུ་ཧོང་ཀོང་གི་གཞུང་འབྲེལ་ལས་ཁུངས་ཁག་སྒོ་བརྒྱབ་སྟེ་ཕྱི་ཟླ་༦་ཚེས་༡༣་ཉིན་ལས་ཁུངས་ཁག་ཚོགས་ཐུབ་མེད་པ་དང་ཟིང་འགོག་ཉེན་རྟོག་པ་རྣམས་གང་སར་བཀྲམ་འདུག

XS
SM
MD
LG