ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་རི་སོགས་ཀྱིས་ཧོང་ཀོང་གི་ཁྲིམས་གཞི་ལ་ངོ་རྒོལ།


༄༅།། ཧོང་ཀོང་ས་གནས་གཞུང་གིས་མངའ་ཁུལ་དེར་རྒྱ་ནག་སྐམ་ས་ཆེན་མོ་དང་ཐེ་ཝན། གཞན་ཡང་འཛམ་གླིང་ཡུལ་གྲུ་ཁག་ནས་བྲོས་བྱོལ་དུ་ཡོང་བའི་ཁྲིམས་བྱོལ་བ་རྣམས་དོ་བདག་སོ་སོའི་འབྲེལ་ཡོད་རྒྱལ་ཁབ་ཁག་ལ་རྩིས་སྤྲོད་བྱེད་ཆོག་པའི་བཅའ་ཁྲིམས་ཤིག་གཏན་འབེབས་བྱ་དགོས་པའི་གྲོས་བསྡུར་བྱེད་ཀྱི་ཡོད་ཅིང་། ཁ་སྔོན་གཟའ་ཉི་མའི་ཉིན་ཧོང་ཀོང་བ་ས་ཡ་གཅིག་ཡས་མས་ཤིག་གིས་སྲིད་སྐྱོང་ཁེ་རི་ལམ་གྱིས་རང་གི་ལས་གནས་ནས་གནང་བ་ཞུ་དགོས། ཧོང་ཀོང་དམིགས་བསལ་ས་ཁུལ་ལ་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་བཅའ་ཁྲིམས་ཤིག་གཏན་འབེབས་བྱ་མི་དགོས་ཞེས་ངོ་རྒོལ་ལས་འགུལ་སྤེལ། ཁ་སང་གཟའ་ཟླ་བའི་ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་དང་དབྱིན་ཇིའི་ཨེ་ཤི་ཡའི་ལས་དོན་བློན་ཆེན། ཨེ་ཤི་ཡའི་བློན་ཆེན་ཁག་གིས་ཀྱང་ཧོང་ཀོང་མི་དམངས་ཀྱི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་ཡོད། ཧོང་ཀོང་ས་གནས་གཞུང་གིས་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་བཅའ་ཁྲིམས་ཤིག་གཏན་འབེབས་བྱ་འཆར་ཡོད་པ་ཕྱིར་འཐེན་བྱ་དགོས་ཞེས་འབོད་སྐུལ་ཞུས།།

ཨ་རིའི་ཕྱི་སྲིད་ལྷན་ཁང་དང་དབྱིན་ཇིའི་ཕྱི་སྲིད་ལྷན་ཁང་གཉིས་ཀས་ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་སུ་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་དོན་ཚན་ཞིག་ཁ་སྣོན་བྱེད་ཚེ། ཧོང་ཀོང་ལ་རང་དབང་དང་གུ་ཡངས། སྤྱི་དམངས་ཀྱི་ཐོབ་ཐང་མང་པོ་ཞིག་ཡོད་པ་དེར་དོ་ཕོག་འགྲོ་ངེས་ཡིན། དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་གྱུར་པའི་ས་གནས་དེའི་མི་དམངས་ཀྱིས་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་བཅའ་ཁྲིམས་ཤིག་གཏན་འབེབས་བྱེད་དུ་འཇུག་འདོད་མེད་པའི་རྣམ་འགྱུར་གསལ་པོར་བསྟན་སོང་། བཅའ་ཁྲིམས་འདི་ལག་ལེན་བསྟར་ནས་ཧོང་ཀོང་བ་མང་པོ་ཞིག་རྒྱ་ནག་ལ་རྩིས་སྤྲོད་བྱ་སྲིད་པའི་ཉེན་ཀ་ཡོད། ཁོ་ཚོ་རྒྱ་ནག་ལ་རྩིས་སྤྲོད་བྱས་ན་ཁྲིམས་བཤེར་མ་བྱས་པར་ཡུན་རིང་བཀག་ཉར་བྱེད་ཆོག་པ་དང་རྒྱལ་ཡོངས་བརྙན་འཕྲིན་ཐོག་ཏུ་ནག་ཉེས་ངོས་ལེན་བྱས་པ་རེད་ཅེས་ཁྱབ་བསྒྲགས་བྱེད་ཆོག་པ། མི་དེར་རང་ཉིད་དག་འབུད་བྱེད་ཆོག་པའི་ཐོབ་ཐང་མེད་པ་དང་སྒེར་གྱི་ཁྲིམས་རྩོད་པ་གླ་ཆོག་པའི་རང་དབང་མེད་པ། ཁོ་པར་ཁྲིམས་བཤེར་དྲང་སྙོམས་ཤིག་འཐོབ་མི་ཐུབ་པའི་ཉེན་ཀ་ཡོད། ཧོང་ཀོང་ལ་རང་བཙན་གྱི་ཁྲིམས་འཛིན་ལམ་ལུགས་ཤིག་ཡོད་པའང་ནུས་མེད་དུ་གཏོང་སྲིད་ཅེས་སྐྱོན་བརྗོད་བྱས་འདུག

ཧོང་ཀོང་གི་སྲིད་སྐྱོང་ཁེ་རི་ལམ་གྱིས་མངའ་ཁུལ་དེའི་གཞི་རྩའི་བཅའ་ཁྲིམས་ལ་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་དོན་ཚན་ཞིག་ཁ་སྣོན་བྱ་དགོས་པའི་གྲོས་གཞི་བཏོན་ནས་བཟུང་། ཧོང་ཀོང་ཕྱི་ནང་གཉིས་དང་རྒྱལ་སྤྱིའི་ཐོག་ཏུ་གྲོས་གཞི་དེར་ངོ་རྒོལ་དང་སྐྱོན་བརྗོད་བྱ་རྒྱུ་འགོ་ཚུགས། དཔེར་ན་ཕྱི་ཟླ་༥་པའི་ཚེས་༣༠་ཉིན་དབྱིན་ཇི་དང་ཁེ་ན་ཌ། ཨ་མི་རི་ཀ་སོགས་ཀྱིས་རྒྱ་ནག་གཞུང་གིས་ཧོང་ཀོང་ལ་རྒྱལ་ཁབ་གཅིག་དང་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལག་ལེན་བསྟར་རྒྱུའི་ཁས་ལེན་བྱས་པ་དོན་འཁྱོལ་བྱ་དགོས། ཧོང་ཀོང་རྩིས་སྤྲོད་རྩིས་ལེན་གྱི་གྲོས་མཐུན་ནང་དུ་མངའ་ཁུལ་དེར་རང་དབང་དང་གུ་ཡངས། དཔལ་འབྱོར་དང་ཤེས་ཡོན་སློབ་གསོ། རང་བཙན་གྱི་ཁྲིམས་འཛིན་ལམ་ལུགས་ཤིག་དར་ཡོད་པ་རྣམས་རང་སོར་འཇོག་རྒྱུ། རྒྱ་ནག་གཞུང་གིས་ལོ་ལྔ་བཅུའི་རིང་ལ་ཧོང་ཀོང་དམིགས་བསལ་ས་ཁུལ་དེར་ཚད་མཐོའི་རང་སྐྱོང་གི་ཐོབ་ཐང་སྤྲོད་རྒྱུའི་ཁས་ལེན་བྱས་པ་ལག་ལེན་བསྟར་དགོས་ཞེས་བསྐུལ།།

སྲིད་དོན་ཉམས་ཞིབ་པ་ཚོས་རྒྱ་ནག་གི་གནོན་ཤུགས་འོག་ཏུ་ཧོང་ཀོང་ས་གནས་གཞུང་ལ་ཁྲིམས་བྱོལ་བ་རྣམས་རྩིས་སྤྲོད་ཀྱི་བཅའ་ཁྲིམས་ཤིག་གཏན་འབེབས་བྱེད་དུ་འཇུག་གི་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་སྟེ། ན་ནིང་ལོ་མཇུག་དེར་རྒྱ་ནག་གི་མཐོ་རིམ་བདེ་འཇགས་མི་སྣ་ཟུར་པ་ཞིག་གིས་རྒྱ་ནག་སྐམ་ས་ཆེན་མོའི་ཉེས་ཅན་པ་༣༠༠་ལྷག་ཧོང་ཀོང་དམིགས་བསལ་ས་ཁུལ་ལ་བྲོས་བྱོལ་དུ་ཕྱིན་ཡོད། ཧོང་ཀོང་ས་གནས་གཞུང་གིས་ཉེས་ཅན་པ་དེ་རྣམས་ངེས་པར་དུ་འཛིན་བཟུང་བྱས་ནས་རྒྱ་ནག་ལ་རྩིས་སྤྲོད་བྱ་དགོས་ཞེས་བཤད། རྒྱ་ནག་གཞུང་གིས་ཉེས་ཅན་པར་ངོས་འཛིན་བྱས་པའི་སྐྱེ་བོ་དེ་རྣམས་རྒྱ་ནག་གི་ཤེས་ཡོན་ཅན་དང་དམངས་གཙོ་དོན་གཉེར་བ་རྣམས་ཡིན་ཞིང་། ཁོ་ཚོ་རྒྱ་ནག་ནས་ཧོང་ཀོང་ལ་བྲོས་བྱོལ་དུ་སོང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ཆབ་སྲིད་ལས་འགུལ་སྤེལ་བ་དང་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཀྱི་རྩོམ་ཡིག་འབྲི་བ། ཁོ་ཚོས་རྒྱལ་སྤྱིའི་གསར་འགོད་པ་ཚོར་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐ་ཞན་ཡིན་པ་དང་མི་དམངས་ལ་ཆོས་དད་རང་དབང་མེད་པ། རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་འགོ་ཁྲིད་ཚོས་ཁྲིམས་འགལ་བྱེད་ཀྱི་ཡོད་པ་དང་ལྐོག་ཟ་རུལ་སུངས་སུ་གྱུར་ཡོད་པ་རྣམས་ཐེར་འདོན་བྱེད་ཀྱི་ཡོད་པས་རྒྱ་ནག་གཞུང་གིས་ཧོང་ཀོང་ས་གནས་གཞུང་ལ་མི་དེ་ཚོ་འཛིན་བཟུང་བྱས་ནས་རྒྱ་ནག་ལ་རྩིས་སྤྲོད་བྱེད་དུ་འཇུག་ཐབས་བྱེད་ཀྱི་ཡོད་ཅིང་། ད་དུང་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཚོས་རྒྱ་ནག་གཞུང་གིས་ཧོང་ཀོང་གི་ནང་སྲིད་ལ་ཐེ་གཏོགས་བྱ་རྒྱུ་མང་དྲགས་ཀྱི་འདུག་ཅེས་ངོ་རྒོལ་བྱས་ཧོང་ཀོང་གི་སྲིད་སྐྱོང་དང་གྲོས་ཚོགས་འཐུས་མི་རྣམས་དམངས་གཙོའི་ལམ་ནས་ཐད་ཀར་འོས་འདེམས་བྱེད་དུ་འཇུག་དགོས་ཟེར། ཐ་ན་ཧོང་ཀོང་ཁག་ཅིག་གིས་རང་བཙན་བྱ་དགོས། ཧོང་ཀོང་ནི་རྒྱ་ནག་དང་རྒྱ་ནག་མི་རིགས། རྒྱ་ནག་གི་རིག་གཞུང་བཅས་ལ་འབྲེལ་བ་མེད་ཅེས་ཆབ་སྲིད་ཀྱི་ལྟ་བ་ཐ་དད་ཅིག་འཛིན་གྱི་ཡོད་པས་ཧོང་ཀོང་གཞུང་གིས་མངའ་ཁུལ་དེའི་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་པ་རྣམས་རྒྱ་ནག་ལ་རྩིས་སྤྲོད་བྱ་སྲིད་པའི་ཉེན་ཀ་ཡོད་པ་རེད།།

སང་ཉིན་གཟའ་ལྷག་པའི་ཉིན་ཧོང་ཀོང་གི་གྲོས་ཚོགས་སུ་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་བཅའ་ཁྲིམས་ཤིག་གཏན་འབེབས་བྱ་དགོས་མིན་ལ་བགྲོ་གླེང་ཐེངས་གཉིས་པ་བྱེད་ཀྱི་ཡོད་པ་དང་གཟའ་མིག་དམར་གྱི་དགོང་མོ་ནས་ཧོང་ཀོང་ས་གནས་གཞུང་གིས་ཉེན་རྟོག་པ་ཁ་སྣོན་བཏང་སྟེ་གྲོས་ཚོགས་དང་སྲིད་སྐྱོང་གི་ལས་ཁུངས་བཅས་ལ་སྲུང་སྐྱོབ་དམ་དུ་བཏང་འདུག འོན་ཀྱང་ཧོང་ཀོང་གི་ཚོང་ལས་མང་པོ་ཞིག་གིས་གཟའ་ལྷག་པའི་ཉིན་སྒོ་བརྒྱབ་ནས་ངོ་རྒོལ་ལས་འགུལ་ལ་མཉམ་ཞུགས་བྱ་རྒྱུའི་རྟགས་མཚན་ཡོད་པར་མ་ཟད། ཧོང་ཀོང་གི་སློབ་ཕྲུག་རྣམས་ཀྱང་འཛིན་གྲྭ་མ་ཚོགས་པར་ངོ་རྒོལ་ལས་འགུལ་ལ་མཉམ་ཞུགས་བྱ་འཆར་ཡོད་པ་དང་ཕྱི་ཟླ་༦་པའི་ཚེས་༢༠་ཉིན་ཧོང་ཀོང་གི་གྲོས་ཚོགས་སུ་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་བཅའ་ཁྲིམས་ལ་མོས་མཐུན་ཡོད་མེད་འོས་ཤོག་འཕེན་གྱི་ཡོད་མོད འོན་ཀྱང་ཧོང་ཀོང་གི་གྲོས་ཚོགས་འཐུས་མིའི་གསུམ་ཆའི་གཉིས་རྒྱ་ནག་གི་ཕྱོགས་གཏོགས་པ་དང་རྒྱ་ནག་གཞུང་ལ་འབྲེལ་བ་དམ་ཟབ་ཡོད་པ། རྒྱ་ནག་སྐམ་ས་ཆེན་མོར་ཚོང་ལས་ཀྱི་མ་རྩ་བཙུགས་ཡོད་པའི་འབྱོར་ལྡན་པ་སོགས་ཡིན་པས་ཧོང་ཀོང་གི་དམངས་གཙོ་ཚོགས་པར་འཐུས་མི་གྲངས་ཉུང་ལས་མེད། དེས་ན་རྒྱ་ནག་གི་དགོས་འདུན་ལྟར་ཧོང་ཀོང་གི་གྲོས་ཚོགས་སུ་ཁྲིམས་བྱོལ་བ་རྩིས་སྤྲོད་ཀྱི་བཅའ་ཁྲིམས་ཤིག་གཏན་འབེབས་བྱ་སྲིད་དོ།།

XS
SM
MD
LG