རྒྱ་ནག་གི་བཟོ་ཚོང་ཁང་ཁག་ཅིག་གིས་མིའི་ངོ་གདོང་ངོས་འཛིན་བྱེད་ཐབས་ཀྱི་འཕྲུལ་ཆས་ཀྱི་རིགས་བཟོ་སྐྲུན་བྱ་རྒྱུར་མ་རྩ་ཆེན་པོ་འཛུགས་བཞིན་པ་དང་། རྒྱ་ནག་གཞུང་གིས་འཕྲུལ་ཆས་དེ་དག་བེད་སྤྱོད་བཏང་ནས་རྒྱ་ནག་མི་དམངས་ཀྱི་འགྲོ་འདུག་རང་དབང་ལ་ཚོད་འཛིན་དང་འཇིགས་སྐུལ་ཆེན་པོ་བྱེད་ཀྱི་ཡོད་པ་ཅིང་། ཉེ་ཆར་རྒྱ་ནག་གི་མིའི་ངོ་གདོང་ངོས་འཛིན་བྱེད་སྤྱད་བཟོ་སྐྲུན་བྱེད་མཁན་གྱི་བཟོ་ཚོང་ལས་ཁང་མིང་གྲགས་ཅན་ཀོང་ཧྲི་ཚན་རྩལ་ལམ། མེ་ཌི་གྷི་བྷེ་ཞེས་པས་མ་རྩ་ཨ་སྒོར་དུང་ཕྱུར་བདུན་དང་ཁྲི་ལྔ་སྟོང་བཏང་ནས་ལག་རྩལ་ཡར་རྒྱས་བཏང་ཡོད་པའི་གནས་ཚུལ་ཐོན། དེ་སྔོན་རྒྱ་ནག་གི་ཞིན་ཧྭ་གསར་ཁང་གིས་བཟོ་ཚོང་ཁང་དེའི་མི་སྣར་བཅར་འདྲི་ཞུས་པའི་སྐབས་སུ་བཟོ་ཚོང་ཁང་འདིས་ཐོན་སྐྱེད་བྱས་པའི་འཕྲུལ་ཆས་ཀྱིས་མིའི་ངོ་གདོང་ངོས་འཛིན་བྱེད་ཐུབ་པའི་ཚད་དེ་བརྒྱ་ཆའི་༩༧་དང་གྲངས་ཆུང་༢༧་ཟིན་ཡོད་པས་ཨ་རིའི་དྲྭ་རྒྱུའི་བརྒྱུད་ལམ་མིང་གྲགས་ཅན་ངོ་དེབ་ཀྱི་མིའི་ངོ་གདོང་ངོས་འཛིན་བྱེད་ཚད་ལས་ཀྱང་སྤུས་ཀ་དག་ཏུ་ཕྱིན་ཡོད་པའི་འགྲེལ་བཤད་བརྒྱབ་འདུག
ཉེ་སྔོན་དབྱིན་ཡུལ་གྱི་དངུལ་རྩའི་དུས་བབ་ཅེས་པའི་སྟེང་དུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྒྲིག་འཛུགས་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་སྙན་ཐོ་བཏོན་པ་ལུང་འདྲེན་བྱས་པ་དེར་ཀོང་ཧྲི་ཚན་རྩལ་གྱིས་བཟོས་པའི་འཕྲུལ་ཆས་ཀྱི་རིགས་རྒྱ་ནག་གཞུང་གིས་ཞིན་ཅང་ས་ཁུལ་དུ་བེད་སྤྱོད་བཏང་སྟེ་ཞིན་ཅང་གི་ཡུ་གུར་བའི་འགྲོ་འདུག་ལ་ལྟ་རྟོག་བྱེད་ཀྱི་ཡོད་པའི་དོགས་པ་ཡོད་པའི་གནས་ཚུལ་བཀོད། ཁ་སང་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་དེའི་ཐད་དུ་སླར་ཡང་སྙན་ཐོ་ཞིག་བཏོན་པའི་ནང་དུ་ཀོང་ཧྲི་ཚན་རྩལ་གྱིས་རྒྱ་ནག་གཞུང་གིས་ཞིན་ཅང་ས་ཁུལ་དུ་ལྟ་རྟོག་སྟངས་འཛིན་བྱ་རྒྱུའི་འཕྲུལ་ཆས་ཀྱི་མ་ལག་ནང་དུ་མཉམ་ཞུགས་བྱེད་བཞིན་པའི་བདེན་དཔང་གསལ་པོ་ཞིག་མི་འདུག་ཅེས་འཁོད།།
རྒྱ་ནག་གི་ཀོང་ཧྲི་ཚན་རྩལ་ཅེས་པའི་བཟོི་ཚོང་ཁང་འདི་ལས་གཞན་ཧད་ཁང་ཝེ་ཧྲི་ཞེས་པ་འཛམ་གླིང་གི་བརྙན་མིག་བཟོ་སྐྲུན་བྱ་ས་ཆེ་ཤོས་དེ་ཡིན་པ་དང་བཟོ་ཚོང་ཁང་དེས་བཟོས་པའི་བརྙན་མིག་འཛིན་ཆས་དག་ཀྱང་ཞིན་ཅང་ས་ཁུལ་དུ་བེད་སྤྱོད་གཏོང་གི་ཡོད་པའི་སྟབས་ཀྱིས་ཨ་རིའི་གཞུང་གིས་མ་འོངས་པར་ཧད་ཁང་ཝེ་ཧྲི་བཟོི་ཚོང་ཁང་ལ་འཕྲུལ་རིགས་ཀྱི་ལྷུ་ལག་རྣམས་ཚོང་སྒྱུར་བྱ་རྒྱུ་མིན་ཞེས་མིང་ཐོ་ནག་པོའི་ནང་འཇུག་རྒྱུ་ཡིན་པ་ཨ་རིའི་ནེའུ་ཡོཀ་དུས་བབ་པར་ཚགས་ལ་གནས་ཚུལ་སྤེལ། སྐབས་དེར་བྷུ་ལུམ་བྷག་གསར་འགྱུར་ལས་ཁང་གིས་ཨ་རིའི་གཞུང་གིས་ཧད་ཁང་ཝེ་ཧྲི་མ་གཏོགས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཀོང་ཧྲི་ཚན་རྩལ་དང་ཀྲེཅང་ཏ་ཧྭ། ཡ་མེ་པད་ཀི་དང་ཁི་ཏ་ཞོན་ཧྥེ་སོགས་བརྙན་མིག་བཟོ་སྐྲུན་ཁང་བཞི་ལའང་ཨ་རིའི་ངོས་ནས་ཚོང་ལས་མཉམ་འབྲེལ་བྱེད་མི་ཆོག་ཅེས་མིང་ཐོ་ནག་པོའི་ནང་འཇུག་འཆར་ཡོད་པའི་གནས་ཚུལ་སྤེལ་འདུག
ཉེ་ཆར་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་རིའི་བཟོ་ཚོང་ཁང་དེ་དག་གིས་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་དང་མཉམ་འབྲེལ་བྱ་རྒྱུའི་སྲིད་འཛིན་བཀོད་ཁྱབ་བཏང་བ་དང་བསྟུན་ནས་ཨ་རིའི་བརྡ་འཕྲིན་བཟོ་ཚོང་ཁང་ཁག་ཅིག་གིས་ཧྭ་ཝེ་བཟོ་ཚོང་ཁང་ལ་མཉམ་འབྲེལ་བྱ་རྒྱུ་མིན་ཞེས་བསྒྲགས། ཉམས་ཞིབ་པ་ཚོས་ཨ་རི་དང་རྒྱ་ནག་གི་ཚན་རྩལ་གྱི་གྲང་དམག་རྒྱག་རྒྱུའི་མགོ་བརྩམས་པ་དང་འཛམ་གླིང་གི་ཚན་རྩལ་ཁྱབ་ཁོངས་སུ་ཨ་རིས་སྣེ་ཁྲིད་པའི་ཕྱོགས་ཁག་ཅིག་དང་རྒྱ་ནག་གིས་སྣེ་ཁྲིད་པའི་ཕྱོགས་ཁག་གཅིག་བཅས་ཕྱོགས་ཁག་ཆེན་པོ་གཉིས་སུ་གྱེས་སྲིད་པའི་ཉེན་ཁ་ཡོད། ཨ་རྒྱ་གཉིས་ཀྱི་ཚོང་དམག་ཀྱང་ཚན་རྩལ་གྱི་གྲང་དམག་གི་ངོ་བོར་འགྱུར་བཞིན་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ཨ་རིས་འགྲོ་བ་མིའི་ཐང་ལ་སྟངས་འཛིན་བྱ་ཐབས་སུ་མཉམ་འབྲེལ་བྱེད་བཞིན་པའི་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ལ་ཨ་རིའི་བཟོ་ཚོང་ཁང་ཁག་གིས་མཉམ་འབྲེལ་མི་བྱེད་པའི་རེ་འདུན་བཏོན་འདུག