ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་གིས་ཚོང་དམག་ཐོག་ཏུ་ཨ་རིར་མགོ་སྒུར་རྒྱུ་མིན་སྐད།


༄༅།། ཕྱི་ཟླ་༦་ཚེས་༥་ཉིན་རྒྱ་ནག་གི་མཐོ་རིམ་གཞུང་འབྲེལ་མི་སྣ་ཞིག་གིས་ཀོ་རི་ཡའི་དམག་ཐག་གཅོད་བྱེད་པར་རྒྱ་ནག་གིས་ལོ་གཉིས་ལ་གྲོས་མོལ་བྱས་ནས་དུས་ཡུན་རྒྱུན་བསྲིངས་པ་ནི་རྒྱ་ནག་གིས་ཨ་མི་རི་ཀའི་བཙན་དྲག་ལ་མགོ་མི་སྒུར་པའི་ཆེད་དུ་ཡིན་པ་ལྟར་ད་ལྟའི་ཚོང་དོན་གྲོས་མོལ་སྐབས་སུའང་རྒྱ་ནག་གིས་ཨ་མི་རི་ཀར་གུ་བཤངས་བྱས་ནས་མགོ་སྒུར་མི་དགོས་པའི་རྒྱུ་མཚན་ཡོངས་སུ་ཚང་ཡོད་ཅེས་བཤད་འདུག རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁང་ཁག་གིས་༡༩༥༠-༥༣་བར་དུ་ལངས་པའི་ཀོ་རི་ཡའི་དམག་འཁྲུག་དུས་སུ་རྒྱ་ནག་གིས་ཨ་མི་རི་ཀར་འཐབ་རྒོལ་བྱས་པ་ཤུགས་ཀྱིས་སྟོན་པའམ། ཡང་ན་རྒྱ་ནག་ཀོ་རི་ཡའི་དམག་འཁྲུག་ལ་ཞུགས་ནས་ཨ་མི་རི་ཀའི་བཙན་དྲག་ལ་འཐབ་རྒོལ་བྱས་ནས་གཉོམ་ཁུར་མེད་པ་ཐད་ཀར་ལུང་འདྲེན་གྱིས་རྒྱ་ནག་དང་ཨ་མི་རི་ཀར་ཚོང་ལས་ཀྱི་འགལ་ཟླ་ལངས་ཡོད་པ་འདིར་རྒྱ་ནག་མི་དམངས་ཀྱིས་གཞུང་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་འཐོབ་ཐབས་བྱེད་ཀྱི་ཡོད་པ་རེད།།

རྒྱ་ནག་དང་ཨ་མི་རི་ཀས་ཟླ་བ་མང་པོར་ཕྱོགས་གཉིས་ཀྱི་ཚོང་དོན་ལ་གྲོས་མོལ་བྱས་ནས་གྲོང་མཐུན་ཞིག་འཇོག་ཐུབ་གྲབས་ཡོད་པའི་སྐབས་དེར་རྒྱ་ནག་གིས་གྲོས་མཐུན་གྱི་འབྲུ་དོན་ཁག་ལ་སྒྱུར་བཅོས་བཏང་བ་དང་གྲོས་མཐུན་གྱི་དོན་ཚན་ཁག་ཅིག་ནག་བསུབས་བྱས་ནས་བཟུང་། རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་འགགས་ནས་ཨ་རིའི་གཞུང་གིས་ཨ་སྒོར་ཐེར་འབུམ་༢༠༠་ཐམ་པའི་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༡༠་ནས་བརྒྱ་ཆ་༢༥་བར་དུ་སྤར། རྒྱ་ནག་དམར་ཤོག་ཚོགས་པའི་དབུས་སློབ་གྲྭའི་སློབ་སྦྱོང་ཚགས་པར་གྱི་མདུན་ཤོག་ལ་ཀོ་རི་ཡའི་དམག་ཐག་གཅོད་པར་ལོ་གཉིས་ལ་དུས་ཡུན་རྒྱུན་བསྲིངས་པའི་སྙིང་སྟོབས་ནི་ད་ལྟའི་དུས་སྐབས་སུའང་འོས་འཚམས་ཡིན་ཞེས་རྩོམ་ཡིག་བཀོད། རྩོམ་ཡིག་དེས་ཀོ་རི་ཡའི་དམག་འཁྲུག་དང་ད་ལྟའི་ཕྱོགས་གཉིས་ཀྱི་ཚོང་དམག་དེ་ཐད་ཀར་འབྲེལ་བ་མཐུད་མེད་ཀྱང་རྒྱ་ནག་གིས་ཀོ་རི་ཡའི་དམག་ཐག་མ་བཅད་པར་དུས་ཡུན་རྒྱུན་བསྲིངས་པ་ལྟར་ཚོང་དོན་གྲོས་མོལ་ལའང་ཨ་མི་རི་ཀའི་བཙན་དྲག་ལ་མགོ་མི་སྒུར་རྒྱུ་མིན་ཟེར་པའི་བརྡ་ཞིག་བཏང་འདུག དཔེར་ན་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་སློབ་གྲྭའི་སློབ་སྦྱོང་ཚགས་པར་ལ་རྒྱ་ནག་དམར་ཤོག་ཚོགས་པས་གནོན་ཤུགས་ལ་འཇིགས་སྣང་མེད་པ་དང་འཐབ་ཕོད་པ། འཐབ་འཁྲུག་དྲག་པོ་རྒྱག་དགོས་པའི་ལམ་སྟོན་བྱས་པ་ལྟར་རྒྱ་ནག་མི་དམངས་དང་བླངས་དམག་གིས་འཛམ་གླིང་གི་དམག་དང་དཔལ་འབྱོར་གྱི་སྟོབས་ཆེན་རྒྱལ་ཁབ་དེར་འཐབ་རྒོལ་བྱས་མྱོང་ཡོད། དུས་ད་ལྟའི་བར་དུ་ལམ་སྟོན་དེ་ཉིད་རྗེས་སུ་ཡི་རང་སྒོམ་དགོས་པ་ཞིག་དང་གཅེས་འཛིན་བྱ་དགོས་པ་ཞིག་ཡིན་ཞེས་བཀོད།།

རྒྱ་གཞུང་གི་ཚགས་པར་དེར་རྒྱ་ནག་དང་བྱང་ཀོ་རི་ཡ་གཉིས་ལྷག་བསམ་རྣམ་དག་གིས་ཀོ་རི་ཡའི་དམག་འཁྲུག་ཐག་གཅོད་ཀྱི་གྲོས་མོལ་ལ་མཉམ་ཞུགས་བྱས་པ་ཡིན། གྲོས་གཞི་དེར་གཞི་རྩའི་ཆ་ནས་ཕྱོགས་གཉིས་ཀས་མོས་མཐུན་བྱེད་ཐུབ་པ་ཞིག་ཡིན་མོད། འོན་ཀྱང་རྒྱ་ནག་དང་བྱང་ཀོ་རི་ཡ་གཉིས་ཀྱིས་ཨ་རིའི་བཙན་དྲག་ལ་གུ་བཤངས་བྱས་མེད་ཅེས་བོད་ཀྱི་གཏམ་དཔེ་ལྟར་བཤད་ས་བུ་མོ་དང་ཉན་ས་མནའ་མ་ལྟར་གྱི་སྐད་ཆ་ཞིག་བཤད་ཡོད་པ་དང་། ཉེ་ཆར་ཁུངས་མ་འཁྱོལ་པའི་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་ཡང་ཕྱོགས་གཉིས་ཀས་མོས་མཐུན་བྱེད་ཐུབ་པ་ཞིག་ཡིན་ཞེས་གོ་རྒྱུ་བཏང་ཞིང་། ༡༩༥༣་ལོར་ཀོ་རི་ཡའི་དམག་འཁྲུག་གནས་སྐབས་རིང་ངང་འཐེན་བྱ་རྒྱུའི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད། ཐོག་མར་༡༩༥༡་ནས་རྒྱ་ནག་དང་བྱང་ཀོ་རི་ཡ་གཉིས་ཀྱིས་ཀོ་རི་ཡའི་དམག་འཁྲུག་གནས་སྐབས་རིང་ངང་འཐེན་བྱ་དགོས་ཞེས་གྲོས་གཞི་བཏོན་པ་དེའི་ཐོག་ཏུ་ཐག་གཅོད་བྱ་དགོས་བྱུང་ཡོད་པས་རྒྱ་ནག་གཞུང་གིས་དུས་རབས་སྔོན་མའི་ལོ་རབས་༥༠་བའི་ཀོ་རི་ཡའི་དམག་འཁྲུག་དང་དུས་རབས་༢༡་པའི་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དམག་གཉིས་འབྲེལ་བ་མཐུད་ནས་རྒྱ་ནག་གི་ལངས་ཕྱོགས་ལ་འགྱུར་བ་གཏོང་རྒྱུ་མིན་པའི་རྣམ་འགྱུར་སྟོན་གྱི་ཡོད་པར་མ་ཟད། ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ནས་རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས་ཉམས་རྒུད། རྒྱ་ནག་གི་བཟོ་གྲྭ་མང་པོ་ཞིག་སྒོ་བརྒྱབ་ནས་བཟོ་བ་ལས་ཤོར་པའི་གྲངས་འབོར་ཇེ་མང་དུ་སོང་ཚེ། རྒྱ་ནག་གཞུང་གིས་ཀོ་རི་ཡའི་དམག་འཁྲུག་དང་ཨ་རིའི་བཙན་རྒྱལ་རིང་ལུགས་ཀྱིས་རྒྱ་ནག་ལ་ཐུབ་ཚོད་བྱེད་ཀྱི་ཡོད་པར་གཉོམ་འཁུར་རྒྱུ་མིན་ཞེས་མི་དམངས་ལ་ངལ་རྒྱལ་བསླངས་ནས་གཞུང་གི་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་དུ་འཇུག་གི་ཡོད་པ་རེད།།

རྒྱ་ནག་གཞུང་གིས་ཨ་མི་རི་ཀར་ཚོང་དོན་གྲོས་མོལ་བྱེད་པའི་སྒོ་མོ་ཡངས་པོར་ཕྱེ་ཡོད་ཟེར་གྱི་ཡོད་ཀྱང་ཟླ་བ་སྔོན་མ་ནས་རྒྱ་ནག་དང་ཨ་མི་རི་ཀའི་མཐོ་རིམ་ཚོང་དོན་མི་སྣ་ཁག་ཐུག་འཕྲད་གྲོས་མོལ་ཐེངས་གཅིག་ཀྱང་བྱུང་མེད། ཟླ་མཇུག་འདིར་ཉི་ཧོང་ལ་འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེན་རྒྱལ་ཁབ་༢༠་ཐམ་པའི་ཆེས་མཐོའི་དབུ་ཁྲིད་རྣམ་པའི་ལོ་འཁོར་ཚོགས་ཆེན་འཚོགས་ཀྱི་ཡོད་པ་དང་སྐབས་དེར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ཐུག་འཕྲད་གྲོས་མོལ་གྱིས་ཕྱོགས་གཉིས་ཀྱི་ཚོང་དོན་གྲོས་མོལ་སླར་གསོ་བྱེད་ཐུབ་པའི་རེ་བ་འཆང་གི་ཡོད་ཅིང་། ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོས་ཕྱོགས་གཉིས་ཀྱི་ཚོང་དོན་གྲོས་མོལ་ལ་འགལ་རྐྱེན་སློང་མཁན་རྒྱ་ནག་ཡིན། རྒྱ་ནག་གཞུང་གིས་ཕན་ཚུན་ལན་ཁག་དཀྲི་རེས་ཀྱི་ཐབས་ཇུས་ཤིག་ལག་ལེན་བསྟར་ནས་ཕྱོགས་གཉིས་ཀྱི་ཚོང་དམག་གི་ཛ་དྲག་ཆེ་རུ་བཏང་སོང་། གཟའ་ཉི་མའི་ཉིན་རྒྱ་ནག་གི་སྲིད་ཇུས་ཡིག་ཆ་ཞིག་ཕྱིར་བསྒྲགས་བྱས་ཡོད་པ་དེར་མིག་སྔའི་ཚོང་དམག་གི་འགལ་རྐྱེན་ལ་འགྲེལ་བཤད་ལོག་པ་བརྒྱབ་འདུག་ཅེས་ཨ་མི་རི་ཀའི་ནོར་སྲིད་ལྷན་ཁང་གི་ཚོང་དོན་གྲོས་མོལ་སྐུ་ཚབ་ཀྱིས་དགག་པ་བརྒྱབ་འདུག

ཨ་མི་རི་ཀའི་ཚོང་དོན་སྐུ་ཚབ་ཀྱི་དགག་ཡིག་ནང་དུ་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་གྱི་གནས་བབ་དང་ཕྱོགས་གཉིས་ཁ་ཕྱོགས་གང་དུ་བསྐྱོད་ཐུབ་རྒྱུ་ཡིན་པ་ཤེས་དགོས་ན་ང་ཚོ་གནས་སྟངས་འདི་འདྲ་ཞིག་ལ་ལྷུང་དགོས་པའི་རྒྱུ་མཚན་ཅི་ཡིན་གྱི་ལོ་རྒྱུས་ལ་བལྟ་དགོས། སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་ལས་ཆ་མཉམ་མེད་པ་གླེང་སློང་བྱ་དགོས་པར་རྒྱུ་མཚན་ཡོད། སྔ་ལོ་གཅིག་པུར་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་ལས་ཨ་སྒོར་དུང་ཕྱུར་༤༢༠་ཆ་མཉམ་བྱུང་མེད། ཕྱོགས་གཉིས་ཀྱི་ཚོང་ལས་ཆ་མཉམ་མེད་པའི་འགག་རྩ་ནི་རྒྱ་ནག་གིས་ཨ་མི་རི་ཀའི་རིག་དངོས་བདག་དབང་ལ་སྲུང་སྐྱོབ་མེད་པར་ཅ་ལག་རྫུན་བཟོ་བྱས་པ་དང་ཨ་མི་རི་ཀའི་ཚན་རིག་དང་འཕྲུལ་རིག་ལག་རྩལ་རྣམས་རྒྱ་ནག་གི་བཙན་འཕྲོག་བྱས་པ། ཨ་མི་རི་ཀའི་ཁྲོམ་ར་རྒྱ་ནག་ལ་སྒོ་མོ་ཡངས་པོར་ཕྱེས་ཀྱང་རྒྱ་ནག་གི་ཁྲོམ་ར་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ལ་སྒོ་མོ་འབྱེད་ཀྱི་མེད་པ་དང་རྒྱ་ནག་གིས་ཨ་མི་རི་ཀའི་ཚོང་ལས་ཀྱི་གསང་བའི་གནས་ཚུལ་རྐུ་འཁྱེར་བྱས་ནས་བཟུང་ཡོད་ཅེས་ཡིག་ཆ་ཤོག་གྲངས་༢༠༠་བཏོན་ནས་རྒྱ་ནག་གི་སྐྱོན་བརྗོད་ལ་དགག་པ་བརྒྱབ། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཕྱོགས་གཉིས་ཀྱི་ཚོང་དོན་གྲོས་མོལ་ཡག་པོ་ཞིག་མ་བྱུང་ན་ད་དུང་ཡང་ཨ་མི་རི་ཀས་རྒྱ་ནག་ནས་ནང་འདྲེན་བྱེད་བཞིན་པའི་ཨ་སྒོར་ཐེར་འབུམ་༣༢༥་ཡས་མས་ཤིག་ལ་སྒོ་ཁྲལ་སྤར་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ། རྒྱ་ནག་གིས་ཨ་མི་རི་ཀའི་ཞིང་ལས་དང་འབྲོག་ལས་ཐོན་སྐྱེད་ཨ་སྒོར་ཐེར་འབུམ་༦༠་པའི་དངོས་ཟོག་ལ་སྒོ་ཁྲལ་སྤར་ཡོད་པ་རེད།།

XS
SM
MD
LG