ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཨིདྷ་དུས་ཆེན་སྐབས་སུ་ཡུ་གུར་བ་སོགས་གློད་གྲོལ་གཏོང་དགོས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་སྒྲིག་འཛུགས་ཁག ཨ་མི་རི་ཀའི་སྲིད་གཞུང་བཅས་ཀྱིས་རྒྱ་ནག་གིས་ཞིན་ཅང་གི་ཡུ་གུར་བ་དང་དེ་མིན་ཁ་ཆེ་གྲངས་ཉུང་མི་རིགས་ས་ཡ་༡་བརྒལ་བ་ཞིག་བཀག་ཉར་ཁང་དེ་དག་གི་ནང་དུ་དོ་དམ་བྱས་ཏེ་བསམ་བློ་སྒྱུར་བཀོད་དང་ཆོས་དད་རང་དབང་སོགས་ལ་དམ་དྲག་བྱེད་ཀྱི་ཡོད་པར་སྐྱོན་བརྗོད་བྱས་པའི་གནས་ཚུལ་རིམ་པ་ཞིག་ཐོན་ཟིན་པ་ལྟར་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གིས་ཀྱང་རྒྱ་ནག་ལ་ཞིང་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་བཀག་ཉར་ཁང་དེ་དག་གི་ནང་དུ་བཅུག་ཡོད་པའི་ཡུ་གུར་བ་དང་ཁ་ཆེ་ཚོར་ཁ་ཆེའི་ཆོས་ལུགས་ཀྱི་ཨིདྷ་དུས་ཆེན་སྐབས་སུ་བཟའ་མི་ལྷན་འཛོམས་ཀྱི་གོ་སྐབས་སྤྲོད་དགོས་པའི་དགོས་འདུན་བཏོན་ཡོད་ཅིང་། དེ་ཡང་ཕྱི་ཚེས་༣༠་ཉིན་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཊོན་དུ་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ཏུ་ཞིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་ལ་དམ་དྲག་བྱེད་ཀྱི་ཡོད་པ་ངེས་པར་དུ་མཚམས་འཇོག་བྱ་དགོས། ང་ཚོས་རྒྱ་ནག་སྲིད་གཞུང་གིས་ཞིན་ཅང་གི་ས་ཁུལ་ཡོངས་ལ་ཡུ་གུར་བ་དང་ཁ་ཆེ་གྲངས་ཉུང་མི་རིགས་བཙན་དབང་གིས་དོ་དམ་བྱས་ཡོད་པ་རྣམས་གློད་གྲོལ་བཏང་སྟེ་ཁེ་ཆེའི་ཨིདྷ་དུས་ཆེན་གྱི་སྐབས་སུ་བཟའ་མི་ཉེ་དུ་རྣམས་ལྷན་འཛོམས་བྱེད་ཐུབ་པའི་གོ་སྐབས་སྤྲོད་དགོས་པའི་རེ་སྐུལ་བྱེད་ཀྱི་ཡོད་ཅེས་བཤད།།

ཨ་རིའི་ཕྱི་སྲིོད་ལྷན་ཁང་གི་མགྲིན་ཚབ་པ་ཨོར་ཊ་གྷེ་སི་ཡིས་ད་ལོ་ཁ་ཆེའི་ར་མ་དྷན་སྨྱུང་གནས་ཟླ་བའི་གཞུག་དེར་ཨིདྷ་དུས་ཆེན་དེ་ཕྱི་ཟླ་༦་པའི་ཚེས་༤་དང་ཚེས་༥་གཉིས་ལ་ཁེལ་གྱི་ཡོད་པར་བརྟེན། རྒྱ་ནག་སྲིད་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་དང་ཁ་ཆེ་གྲངས་ཉུང་མི་རིགས་གཞན་ཁག་ལ་གཞི་རྒྱ་ཆེ་བའི་དམ་དྲག་དང་བཙན་གནོན་བྱེད་བཞིན་པར་ང་ཚོས་དམིགས་བསལ་གྱིས་གླེང་སློང་བྱས་ཏེ་བཙན་གནོན་གྱི་དཀའ་སྡུག་མྱོང་བཞིན་པ་ཚོར་རྒྱབ་སྐྱོར་བྱ་རྒྱུ་གལ་འགངས་ཆེན་པོ་ཡིན་ཞེས་བསྒྲགས་ཡོད་པ་སྟེ། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་རྒྱ་ནག་སྲིད་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་དང་དེ་མིན་གྱི་ཁ་ཆེ་གྲངས་ཉུང་མི་རིགས་ས་ཡ་༡་བརྒལ་བ་ཞིག་བཙན་དབང་གིས་དོ་དམ་བཀག་ཉར་བྱས་ཏེ་འགྲོ་བ་མིའི་ཀུན་སྤྱོད་དང་རྒྱབ་འགལ་གྱི་སྡུག་སྦྱོང་མནར་གཅོད་གཏོང་བ། ཁོ་ཚོས་པར་ཆས་དང་བརྙན་མིག་བཙུགས་ནས་ལྟ་སྲུང་ནན་པོ། ཡུ་གུར་བ་སོགས་ཀྱི་ཆོས་དད་རང་མོས་ལ་རྡོག་བརྫིས་བཏང་ནས་ལྡོག་ཕྱོགས་དང་ཆོས་ལུགས་ཀྱི་ཉམས་ལེན་ལ་མི་མཐུན་པའི་བྱ་སྤྱོད་སྤེལ་དགོས་པའི་བཙན་བཀའ་བཏང་བ་སོགས་ཀྱི་གནས་ཚུལ་རྒྱ་ཁྱབ་ཏུ་འབྱུང་བཞིན་པར་ཨ་མི་རི་ཀའི་གཞུང་གིས་བློ་འཚབ་ཆེན་བྱེད་ཀྱི་ཡོད་ཅེས་བཤད།།

སྔ་ལོ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཞིབ་འཇུག་སྙན་ཐོ་ཞིག་བཏོན། དེ་བཞིན་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གིས་གསུངས་དོན་ལྟར་ན་རྒྱ་ནག་སྲིད་གཞུང་གིས་ཕྱི་ལོ་༢༠༡༧་ནས་བཟུང་སྟེ་ཞིན་ཅང་གི་ཡུ་གུར་བ་དང་ཁ་ཆེ་གྲངས་ཉུང་མི་རིགས་ས་ཡ་༡་དང་ཕྱེད་ཀ་ལྷག་ཙམ་ཞིག་ལ་ཆོས་ལུགས་ཀྱི་ལྟ་བ་མཐའ་ལྷུང་རིང་ལུགས་པ་དང་སྲིད་དོན་གྱི་ལྟ་བ་ལོག་འཛིན་པ་ཟེར་བ་སོགས་ཀྱི་ཉེས་འཛུགས་བྱས་ནས་དམིགས་བསལ་གྱི་བཀག་ཉར་ཁང་དེ་དག་གི་ནང་དུ་དོ་དམ་བྱས་ཀྱང་ཕྱི་ལོགས་སུ་ཡུ་གུར་བ་དེ་ཚོར་ལག་ཤེས་སློབ་སྦྱོང་དང་ཁེ་ལས། སྐད་ཡིག་སོགས་ཀྱི་སློབ་སྦྱོང་གི་ཡོད་ཅེས་འགྲེལ་བཤད་བརྒྱབ་པ་ལས་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་བཏང་ནས་བསམ་བློ་སྒྱུར་བཀོད་དང་ཡུ་གུར་བ་སོགས་ཀྱིས་རང་གི་མི་རིགས་དང་ཆོས་ལུགས་ཀྱི་འདུ་ཤེས་རྣམས་འདོར་དགོས་པའི་བཙན་དབང་བྱེད་ཀྱི་ཡོད་པ་བསྒྲགས་མེད།།

ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་རྒྱ་ནག་སྲིད་གཞུང་གིས་ཡུ་གུར་མི་རིགས་ལ་ཆེས་སྡུག་གདུག་ཆེ་བའི་དྲག་གནོན་བྱེད་ཀྱི་ཡོད་པའི་འགན་འཁྲི་ཁག་ངོས་ལེན་བྱ་རྒྱུར་དམིགས་པའི་ཁྲིམས་གཞི་ཞིག་གཏན་ལ་ཕབ་སྟེ་གཟའ་འཁོར་གཅིག་གི་རྗེས་སུ་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་རྒྱ་ནག་སྲིད་གཞུང་གི་དོ་དམ་བྱེད་ཡོད་པའི་ཁ་ཆེ་ཚོར་ཁ་ཆེའི་ཆོས་ཕྱོགས་ཀྱི་དུས་ཆེན་དེའི་སྐབས་སུ་རང་གི་བཟའ་མི་ལྷན་འཛོམས་ཀྱི་གོ་སྐབས་སྤྲོད་དགོས་པའི་རེ་སྐུལ་ཞུས་འདུག ཨ་མི་རི་ཀའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་བཏོན་པའི་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་འཆར་དེར་གྲོས་ཚོགས་གོང་འོག་གཉིས་ཀྱི་མང་མོས་རྒྱབ་སྐྱོར་འཐོབ་དགོས། ཁྲིམས་གཞི་དེར་ཨ་མི་རི་ཀས་ཞིན་ཅང་གི་དམིགས་བསལ་སྐུ་ཚབ་ཅིག་བསྐོ་གཞག་བྱ་རྒྱུ་དང་རྒྱ་ནག་སྲིད་གཞུང་གིས་ཞིན་ཅང་ལ་དམ་དྲག་དང་མི་མང་ལ་གསང་བའི་ལྟ་སྲུང་བྱེད་ཀྱི་ཡོད་པ་བཅས་ལ་ཨ་རི་གཞུང་གིས་དུས་མཚམས་སོ་སོར་ཞིབ་འཇུག་བྱ་དགོས་པ་རེད།།

ཨ་མི་རི་ཀའི་ཁྲིམས་གཞི་དེར་རྒྱ་ནག་གིས་ཞིན་ཅང་ལ་དམ་དྲག་བྱས་པར་བརྟེན་ནས་མངའ་ཁུལ་དེའི་བདེ་འཇགས་ལ་གནོད་སྐྱོན་དང་ཉེན་ཁ་ཇི་ཙམ་ཡོད་མེད་དེར་ཨ མི་རི་ཀའི་གསང་བའི་ལས་ཁུངས་ཁག་གིས་ཞིབ་འཇུག་བྱས་ནས་ཨ་རིའི་གྲོས་ཚོགས་ལ་སྙན་སེང་ཞུ་དགོས་ཞེས་འཁོད་པར་མ་ཟད། འདི་དང་དུས་མཚུངས་སུ་ཞིན་ཅང་གི་བཀག་ཉར་ཁང་དེ་དག་འཛུགས་སྐྲུན་དང་འཛིན་སྐྱོང་གི་ལས་དོན་ལ་ཐེ་གཏོགས་ཡོད་མཁན་རྒྱ་ནག་གི་འབྲེལ་ཡོད་ལས་ཁུངས་ཁག་གི་མིང་གཞུང་ཞིག་གཏན་འབེབས་བྱ་དགོས་ཞེས་བཀོད། སྔ་ལོ་༢༠༡༨་ཀྱི་ཕྱི་ཟླ་ ༡༡་པའི་ནང་དུ་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་དྲུང་ཆེ་གཞོན་པ་སི་ཀོ་ཊི་བྷུ་སི་བྷིས་ཨ་མི་རི་ཀའི་གསང་བའི་ལས་ཁང་གི་ཞིབ་འཇུག་གཞི་རྩ་བཟུང་སྟེ་རྒྱ་ནག་གིས་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སུ་བསམ་བློ་སྒྱུར་བཀོད་བཀག་ཉར་ཁང་བཙུགས་ཡོད་པ་དེ་དག་གི་ནང་དུ་ཡུ་གུར་བ་དང་དེ་མིན་ཁ་ཆེ་གྲངས་ཉུང་མི་རིགས་འབུམ་༨་ནས་ས་ཡ་༡་ཡས་མས་ཤིག་ལ་ནག་ཉེས་འཛུགས་རྒྱུ་མེད་པར་བཀག་ཉར་བྱས་འདུག་ཅེས་བཀོད་དོ།།

XS
SM
MD
LG