ངོ་འཕྲད་བདེ་བའི་དྲ་འབྲེལ།

མོ་དྷི་དང་ཞིས་ཅིན་ཕིང་གི་ཐུག་འཕྲད


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། སང་ཉིན་རེས་གཟའ་ཕུར་བུའི་ཉིན་རྒྱ་གར་གྱི་སྲིད་བློན་མོ་དྷིའི་ལས་ཁུར་དམ་འབུལ་གྱི་མཛད་སྒོ་འཚོགས་ཀྱི་ཡོད་ཀྱང་རྒྱ་གར་གཞུང་གིས་ལོ་མཇུག་འདིར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་དང་སྲིད་བློན་མོ་དྷི་གཉིས་ཀྱིས་རྒྱ་གར་གྱི་ས་ཐོག་ཏུ་ཆེས་མཐོའི་ཐུག་འཕྲད་གྲོས་མོལ་ཞིག་བྱ་འཆར་ཡོད་པའི་གསར་འགྱུར་ཞིག་གལ་འགངས་ཆེན་པོར་བརྩིས་ནས་སྤེལ་ཡོད་པ་སྟེ། ཕྱི་ཟླ་༥་ཚེས་༢༩་ཉིན་རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གིས་སྲིད་བློན་མོ་དྷིས་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་རྒྱ་གར་ལ་མགྲོན་འབོད་བྱས་ནས་དངོས་གཞི་མིན་པའི་ཐུག་འཕྲད་གྲོས་མོལ་ཞིག་བྱ་འཆར་ཡོད། སྲིད་བློན་མོ་དྷི་དང་ཞིས་ཅིན་ཕིང་གཉིས་ཀྱི་དངོས་གཞི་མིན་པའི་ཐུག་འཕྲད་གྲོས་མོལ་ཐེངས་དང་པོ་ནི་རྒྱ་ནག་གི་ཝུ་ཧྭན་གྲོང་ཁྱེར་དུ་བྱས་ཡོད། སྐབས་དེར་སྲིད་བློན་མོ་དྷིས་རྒྱ་དཀར་ནག་གི་འགོ་ཁྲིད་རྣམ་པའི་དངོས་གཞི་མིན་པའི་ཐུག་འཕྲད་གྲོས་མོལ་ཐེངས་གཉིས་པ་༢༠༡༩་ལོར་རྒྱ་གར་དུ་བྱ་དགོས་ཞེས་མགྲོན་འབོད་བྱས་ཡོད་ཅིང་། རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་སྲིད་བློན་མོ་དྷིའི་མགྲོན་འབོད་ལ་མོས་མཐུན་བྱས་སོང་། ད་ལྟ་རྒྱ་དཀར་ནག་གི་ཕྱི་འབྲེལ་གྱི་འབྲེལ་ལམ་བརྒྱུད་ནས་ཕྱོགས་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་རྣམ་པ་ས་གནས་གང་དང་དུས་ནམ་ཞིག་ལ་ཐུག་འཕྲད་བྱ་དགོས་མིན་དེར་གྲོས་བསྡུར་བྱས་ནས་མཐའ་མའི་ཐག་གཅོད་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་ཅེས་བཤད།།

༢༠༡༧་ལོར་བོད་ཀྱི་འབྲོག་ལམ་ས་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱིས་དམག་འཁྲུག་རྒྱག་གྲབས་བྱས་ཏེ་ཛ་དྲག་བྱུང་ནས་བཟུང་སྲིད་བློན་མོ་དྷི་དང་ཞིས་ཅིན་ཕིང་གཉིས་ཐུག་འཕྲད་གྲོས་མོལ་ཐེངས་འགའ་ཞིག་བྱུང་ཡོད། ཁོ་ཚོས་དམག་འཁྲུག་གི་ཛ་དྲག་ཞི་འཇམ་གཏོང་ཐབས་དང་ཕྱོགས་གཉིས་ཀྱི་ཚོང་ལས་དང་དཔལ་འབྱོར་འབྲེལ་བ་ཡར་རྒྱས་གཏོང་རྒྱུ། ལྷག་པར་དུ་ཉེ་ཆར་སྲིད་བློན་མོ་དྷིར་སླར་ཡང་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པར་སྲིད་འཛིན་ཞིས་ཅིན་ཕིང་ནི་སྲིད་བློན་མོ་དྷིར་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་མཁན་དང་པོའི་གྲས་སུ་ཡོད་པ་དང་། མོ་དྷི་དང་ཞིས་ཅིན་ཕིང་གཉིས་ཀར་རྒྱ་དཀར་ནག་གཉིས་ཀྱིས་སླར་ཡང་བོད་ཀྱི་ས་མཚམས་ཁག་ཏུ་དམག་འཁྲུག་ཆེན་པོ་ཞིག་རྒྱག་འདོད་མེད། རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གིས་སྲིད་བློན་མོ་དྷིའི་ལས་ཁུར་དམ་འབུལ་གྱི་མཛད་སྒོ་ལས་ཀྱང་ལོ་མཇུག་འདིར་ཞིས་ཅིན་ཕིང་དང་སྲིད་བློན་མོ་དྷི་གཉིས་ཐུག་འཕྲད་གྲོས་མོལ་བྱ་འཆར་ཡོད་པའི་གསར་འགྱུར་དེ་གལ་ཆེན་ཞིག་ལ་བརྩིས་ནས་བསྒྲགས་འདུག

སྲིད་བློན་མོ་དྷིའི་ལས་ཁུར་དམ་འབུལ་གྱི་མཛད་སྒོར་ཁྱིམ་མཚེས་རྒྱལ་ཁབ་བྷང་ག་ལ་དང་སིངྒ་ལ། འབར་མ་དང་ཐེ་ལན་ཌི། བལ་ཡུལ་དང་འབྲུག་ཡུལ་གྱི་འགོ་ཁྲིད་ཚོ་དང་། ད་དུང་རྒྱ་གར་ལ་དཔལ་འབྱོར་དང་ཚོང་ལས་སོགས་ཀྱི་འབྲེལ་བ་ཡོད་པའི་དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཀིར་ཀི་སི་ཐན། རྒྱ་གར་རྒྱ་མཚོའི་ནང་དུ་ཆགས་པའི་མོ་རི་ཊ་སི་རྒྱལ་ཁབ་སོགས་ཀྱི་འགོ་ཁྲིད་རྣམས་སྲིད་བློན་མོ་དྷིའི་ལས་ཁུར་དམ་འབུལ་གྱི་མཛད་སྒོར་གདན་འདྲེན་ཞུས་ཀྱང་པ་ཀི་སི་ཐན་གྱི་སྲིད་བློན་ཨིམ་རན་ཁན་སྲིད་བློན་མོ་དྷིའི་དམ་འབུལ་མཛད་སྒོར་གདན་འདྲེན་ཞུས་མེད་ཅིང་། ༡༩༤༧་ལོར་དབྱིན་ཇིའི་གཞུང་གིས་རྒྱ་གར་དང་པ་ཀི་སི་ཐན་ཞེས་རྒྱལ་ཁབ་གཉིས་ལ་དུམ་བུར་བགོས་ནས་རང་བཙན་སྤྲད་ནས་བཟུང་། རྒྱ་གར་དང་པ་ཀི་སི་ཐན་གཉིས་ཀྱིས་དམག་འཁྲུག་ཐེངས་གསུམ་བརྒྱབ། ཁ་སྔོན་ཕྱི་ཟླ་༣་ནང་དུ་རྒྱ་གར་དང་པ་ཀི་སི་ཐན་གཉིས་ཀྱིས་དམག་འཁྲུག་ཐེངས་བཞི་པ་ཞིག་རྒྱག་གྲབས་བྱས་པས་ཨ་མི་རི་ཀ་དང་ཡུ་རོབ་མཉམ་འབྲེལ། རྒྱ་ནག་དང་ཨུ་རུ་སུ་སོགས་ཀྱིས་རྒྱ་གར་དང་པ་ཀི་སི་ཐན་གཉིས་ལ་དམག་འཁྲུག་བརྒྱབ་ན་དགེ་མཚན་མེད་པའི་བར་འགོག་བྱ་དགོས་བྱུང་ཡོད། པ་ཀི་སི་ཐན་གྱི་ཕྱི་སྲིད་བློན་ཆེན་གྱིས་སྲིད་བློན་ཨིམ་རན་ཁན་སྲིད་བློན་མོ་དྷིའི་ལས་ཁུར་དམ་འབུལ་གྱི་མཛད་སྒོར་ཕེབས་དགོས་པའི་མགྲོན་ཤོག་འབྱོར་མ་སོང་། འདི་ནི་རྒྱ་གར་ནང་ཁུལ་གྱི་ཆབ་སྲིད་ལ་འབྲེལ་བ་ཡོད་པ་ཡིན་སྲིད་ཅེས་གསར་འགོད་པ་ཚོར་འགྲེལ་བཤད་བརྒྱབ་འདུག

ཟླ་བ་རྗེས་མར་ཉི་ཧོང་གི་ཨོ་ས་ཁ་གྲོང་ཁྱེར་དུ་འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེན་རྒྱལ་ཁབ་༢༠་ཐམ་པའི་ཆེས་མཐོའི་འགོ་ཁྲིད་ཚོའི་ལོ་འཁོར་ཚོགས་ཆེན་འཚོགས་ཀྱི་ཡོད་པ་དང་། སྐབས་དེར་སྲིད་བློན་མོ་དྷིས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ལ་ཟུར་དུ་ཐུག་འཕྲད་གྲོས་མོལ་བྱ་སྲིད་པར་མ་ཟད། ད་ལོའི་ཕྱི་ཟླ་༩་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་རྒྱས་འཛོམས་ཚོགས་ཆེན་སྐབས་སུའང་སྲིད་བློན་མོ་དྷི་དང་སྲིད་འཛིན་ཌོ་ནལ་ཊམ་གཉིས་ནེའུ་ཡོཀ་གྲོང་ཁྱེར་དུ་ཐུག་འཕྲད་བྱ་རྒྱུ། འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེན་རྒྱལ་ཁབ་༢༠་ཐམ་པའི་ཆེས་མཐོའི་དབུ་ཁྲིད་ཚོའི་ལོ་འཁོར་ཚོགས་ཆེན་སྔོན་དེར་ཨ་རིའི་ཕྱི་སྲིད་དྲུང་ཆེ་འཁྱུག་ཙམ་རིང་ལ་ལྡི་ལི་གསར་པར་ཕེབས་སྲིད། གཟའ་འཁོར་འདིར་ཨ་རིའི་གཞུང་གིས་རྒྱ་གར་རང་ངོས་ནས་དངུལ་ལོར་གྱི་འཛའ་ཐང་སྤར་གཅོག་བྱེད་མཁན་རྒྱལ་ཁབ་ཁག་གི་ཐོ་གཞུང་ནས་བསུབས་ཏེ་རྒྱ་གར་གྱིས་རྒྱལ་སྤྱིའི་དངུལ་ལོར་ཁྲོམ་རའི་ནང་དུ་གཡོ་ཁྲམ་བྱེད་ཀྱི་མི་འདུག་ཅེས་དཀར་འདོན་ཐོབ། སྲིད་འཛིན་ཁེ་ལིན་ཊོན་གྱི་དུས་ནས་རྒྱ་གར་དང་ཨ་མི་རི་ཀ་དཔལ་འབྱོར་དང་ཚོང་ལས། དམག་དོན་དང་ཆབ་སྲིད་སོགས་ཕྱོགས་ཡོངས་ནས་འབྲེལ་བ་ཡར་རྒྱས་སོང་རུང་རྒྱ་གར་གྱིས་ཨ་མི་རི་ཀའི་དངོས་ཟོག་ལ་སྒོ་ཁྲལ་ཆེན་པོ་སྤར་གྱི་ཡོད་པར་སྲིད་འཛིན་ཌོ་ནལ་ཊམ་གྱིས་དེ་ལ་དགག་པ་རྒྱག་གི་ཡོད་པ་རེད།།

XS
SM
MD
LG