ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་འོས་འདེམས།


༄༅།། ཡུ་རོབ་གྲོས་ཚོགས་ལ་འཐུས་མི་༧༥༡་གི་གདན་གྲངས་ཡོད་པ་དེར་སྒྲིག་འཛུགས་དེའི་ཁོངས་གཏོགས་རྒྱལ་ཁབ་༢༨་ཀྱི་མི་གྲངས་དུང་ཕྱུར་༤་ལྷག་གིས་འོས་ཤོག་འཕངས་ནས་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་རྣམས་འོས་འདེམས་བྱས་ཡོད་ཅིང་། ད་ལྟ་འོས་འདེམས་ཀྱི་གྲུབ་འབྲས་ཕྱིར་བསྒྲགས་བྱས་པ་ལྟར་ན་ཡུ་རོབ་མཉམ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཁག་གི་བཏང་སྙོམས་ཀྱི་ལྟ་བ་འཛིན་པའི་སྲིད་དོན་ཚོགས་པ་ཆེ་ཁག་ལ་ཕམ་ཉེས་ཆེན་པོ་བྱུང་སྟེ། དབྱིན་ཇི་དང་ཧྥ་རན་སི། ཨི་ཊི་ལི་སོགས་ཀྱི་མི་རིགས་རིང་ལུགས་པའི་སྲིད་དོན་ཚོགས་པ་ཁག་ལ་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མིའི་འོས་འདེམས་སྐབས་སུ་རྒྱལ་ཁ་ཆེན་པོ་ཐོབ། ད་ལྟ་ཡུ་རོབ་རྒྱལ་ཁབ་ཁག་གི་བཏང་སྙོམས་ཀྱི་ལྟ་བ་འཛིན་པའི་སྲིད་དོན་ཚོགས་པ་ཁག་ལ་ཕམ་ཉེས་བྱུང་བའི་རྒྱུ་རྐྱེན་ཅི་ཡིན། ཡུ་རོབ་མཉམ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་གཙིགས་སུ་འཛིན་པའི་རྩ་དོན་ཅི་ཞིག་ཡིན་པ་དང་མ་འོངས་ལོ་ལྔའི་རིང་གི་མི་རིགས་རིང་ལུགས་ཀྱི་སྲིད་དོན་ཚོགས་པ་ཁག་གི་འཐུས་མི་ཚོས་ཡུ་རོབ་མཉམ་འབྲེལ་གྱི་ཁ་ཕྱོགས་སྒྱུར་ཐབས་ལ་ཤུགས་རྐྱེན་ཅི་ཙམ་ཐེབས་རྒྱུ་ཡིན་མིན་བཅས་ལ་བསམ་ཞིབ་བྱ་དགོས་པའི་དུས་སུ་བབས་འདུག

ཡུ་རོབ་གླིང་གི་དཔལ་འབྱོར་སྟོབས་ཤུགས་ཨང་དང་པོ་འཇར་མན་ཎིའི་སྲིད་བློན་ཨན་གྷི་ལ་མར་ཁེལ་གྱི་གཡས་དཀྱིལ་སྲིད་དོན་ཚོགས་པར་༢༠༡༤་ལོར་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་འོས་འདེམས་བྱས་པའི་སྐབས་སུ་འོས་ཤོག་བརྒྱ་ཆ་༣༤་དང་གྲངས་ཆུང་༤་ཐོབ་ཀྱང་༢༠༡༩་ལོར་འོས་ཤོག་བརྒྱ་ཆ་༢༩་དང་གྲངས་ཆུང་༩་ལས་མ་ཐོབ། འདི་ནི་ལོ་༧༠་རིང་ལ་སྲིད་དོན་ཚོགས་པ་དེར་བྱུང་མྱོང་མེད་པ་ཕམ་ཉེས་ཆེན་པོ་ཞིག་ཡིན་པ་དང་སྲིད་དོན་ཚོགས་པ་དེའི་མཐུན་གྲོགས་གཙོ་བོ་སྤྱི་ཚོགས་དམངས་གཙོ་ཚོགས་པར་འོས་ཤོག་བརྒྱ་ཆ་༡༥་དང་གྲངས་ཆུང་༨་ལས་མ་ཐོབ། ཧྥ་རན་སིའི་གཡས་ཐལ་ཆེ་བའི་སྲིད་དོན་ཚོགས་པ་དེར་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མིའི་འོས་འདེམས་སྐབས་སུ་རྒྱལ་ཁ་ཆེན་པོ་ཐོབ་པས་སྲིད་འཛིན་མེག་རོན་ལ་རང་ཡུལ་གྱི་གྲོས་ཚོགས་ཕྱིར་བསྡུ་བྱ་དགོས་ཞེས་གནོན་ཤུགས་སྤྲོད་རྒྱུ་འགོ་ཚུགས། སྲིད་འཛིན་མེག་རོན་གྱི་སྤྱི་མཐུན་མདུན་སྐྱོད་ཚོགས་པར་འོས་ཤོག་ས་ཡ་༥་དང་འབུམ་༡་ལས་ཐོབ་མེད་ཀྱང་མེ་རི་ལ་ཕན་གྱི་སྲིད་དོན་ཚོགས་པར་འོས་ཤོག་ས་ཡ་༥་དང་འབུམ་༤་ལྷག་ཐོབ་སྟེ་ཧྥ་རན་སི་རྒྱལ་ཡོངས་སུ་མི་རིགས་རིང་ལུགས་ཀྱི་ལྟ་བ་འཛིན་པའི་སྲིད་དོན་ཚོགས་པ་དེར་སྟོབས་ཤུགས་རྒྱས་བཞིན་པའི་རྟགས་མཚན་ཞིག་མངོན།།

དབྱིན་ཇིའི་ཧྥ་ར་ཇཱིས་འགོ་ཁྲིད་པའི་མི་རིགས་རིང་ལུགས་ཀྱི་སྲིད་དོན་ཚོགས་པར་ཡུ་རོབ་གྲོས་ཚོགས་ཁོངས་སུ་འཐུས་མི་༢༩་ཡི་གདན་གྲངས་ཐོབ། སྐུ་ཞབས་ཧྥ་ར་ཇཱེས་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱ་དགོས་པའི་ལས་འགུལ་ཤུགས་ཆེན་སྤེལ་ནས་དབྱིན་ཇིའི་མང་མོས་འོས་འདེམས་སྐབས་སུ་ནུས་པ་ཆེན་པོ་ཐོན། ཡིན་ནའང་དབྱིན་ཇི་ཡུ་རོབ་མཉམ་འབྲེལ་ཁོངས་ནས་སྔར་བཞིན་མཉམ་གནས་བྱ་དགོས་པའི་ལངས་ཕྱོགས་འཛིན་པའི་སྲིད་དོན་ཚོགས་པ་ཁག་མཉམ་དུ་བསྡོམས་ན་དབྱིན་ཇིའི་མི་རིགས་རིང་ལུགས་ཀྱི་སྲིད་དོན་ཚོགས་པ་དེར་རྒྱལ་ཁ་ཆེན་པོ་ཞིག་ཐོབ་མེད། དབྱིན་ཇིའི་ལས་རྩོལ་ཚོགས་པ་དང་གཞུང་འཛིན་རྙིང་ཞེན་ཚོགས་པ་གཉིས་ཀས་དབྱིན་ཇིའི་གཞུང་གིས་གྲོས་མཐུན་བཞག་ནས་རིམ་བཞིན་ཡུ་རོབ་མཉམ་འབྲེལ་ཁོངས་ནས་ཕྱིར་འཐེན་བྱ་དགོས་པའི་ལངས་ཕྱོགས་བཟུང་རུང་སྲིད་དོན་ཚོགས་པ་དེ་དག་ལ་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་འོས་འདེམས་སྐབས་སུ་འོས་ཤོག་བརྒྱ་ཆ་༢༣་དང་གྲངས་ཆུང་༤་ལས་ཐོབ་མེད་པ་རེད།།

ཨི་ཊི་ལིའི་གཡས་ཐལ་ཆེ་བའི་སྲིད་དོན་ཚོགས་པའི་འགོ་ཁྲིད་མེ་ཐིའོ་སལ་ཝྭི་ཎིའི་སྲིད་དོན་ཚོགས་པར་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མིའི་འོས་འདེམས་བྱས་པའི་སྐབས་སུ་ཨི་ཊི་ལིའི་འོས་ཤོག་ཨང་གསུམ་པ་ཐོབ། ཁོ་པས་ཡུ་རོབ་རྒྱལ་ཁབ་ཁག་གི་མི་རིགས་རིང་ལུགས་ཀྱི་སྲིད་དོན་ཚོགས་པ་ཁག་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཡུ་རོབ་མཉམ་འབྲེལ་ལ་དོགས་ཟོན་གྱི་ལྟ་བ་ཞིག་འཛིན་དགོས་ཞེས་འབོད་སྐུལ་ཞུས་ནས་རང་ཉིད་ཡུ་རོབ་ཀྱི་མི་རིགས་རིང་ལུགས་པའི་ཁ་འཛིན་པ་ཞིག་ཡིན་པའི་རྣམ་པ་བསྟན། ཨི་ཊི་ལིའི་སལ་ཝྭི་ཎི་ལ་ཧང་གྷ་རིའི་མི་རིགས་རིང་ལུགས་ཀྱི་སྲིད་དོན་ཝྭིཀ་ཊོར་ཨོར་བྷན་དང་ཧྥ་རན་སིའི་མི་རིགས་རིང་ལུགས་པའི་སྲིད་དོན་ཚོགས་པའི་འགོ་ཁྲིད། འཇར་མན་ཎི་དང་དབྱིན་ཇིའི་མི་རིགས་རིང་ལུགས་པའི་འགོ་ཁྲིད་ཁག་གིས་རྒྱབ་སྐྱོར་བྱས་ནས་ཆེཀ་སྤྱི་མཐུན་རྒྱལ་ཁབ་དང་ཧྥི་ལན་ཌི། སིད་ཌེན་དང་ཌན་མག སི་པེན་བཅས་ཀྱི་མི་རིགས་རིང་ལུགས་པའི་སྲིད་དོན་ཚོགས་པ་ཁག་ལ་མཉམ་འབྲེལ་བྱ་རྒྱུ། ཡུ་རོབ་ཀྱི་མི་རིགས་རིང་ལུགས་ཀྱི་སྲིད་དོན་ཚོགས་པ་ཁག་ལ་ཡུ་རོབ་གྲོས་ཚོགས་སུ་འཐུས་མི་༡༠༠་ཐམ་པའི་གདན་གྲངས་ཐོབ་ཟིན་ཡོད་པ་འཐུས་མི་༡༥༠་ཐམ་པའི་གདན་གྲངས་ལ་རྒྱ་སྐྱེད་གཏོང་ཐབས་བྱེད་ཀྱི་ཡོད་པ་རེད།།

མི་རིགས་རིང་ལུགས་ཀྱི་སྲིད་དོན་ཚོགས་པའི་ཁག་གི་འཕྲོ་ནས་ཡུ་རོབ་ཀྱི་སྔོ་ལྗང་ཚོགས་པ་ཁག་ལ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་ཡོད་པ་སྟེ། ཧྥ་རན་སིའི་སྔོ་ལྗང་ཚོགས་པར་འཐུས་མི་༡༣་དང་འཇར་མན་ཎིའི་སྔ་ལྗང་ཚོགས་པར་འཐུསམི་༧༠་ཐམ་པ། དབྱིན་ཇིའི་སྔོ་ལྗང་ཚོགས་པ་ལའང་འོས་འདེམས་ཀྱི་རྒྱལ་ཁ་གང་ལེགས་ཐོབ་ཡོད་པས་ཡུ་རོབ་གྲོས་ཚོགས་སུ་རང་ཡུག་སྲུང་སྐྱོབ་དང་སྐྱེ་ཁམས་དོ་མཉམ། འཛམ་གླིང་གི་གནམ་གཤིས་ལ་འགྱུར་ལྡོག་ཐེབས་ཀྱི་ཡོད་པ་འགོག་ཐབས་བྱ་དགོས་པའི་ལྟ་བ་དང་ལངས་ཕྱོགས་འཛིན་པའི་སྲིད་དོན་ཚོགས་པ་ཁག་གིས་སྟོབས་ཤུགས་ཆེ་རུ་སོང་འདུག ཡིན་ནའང་ད་ལོའི་འོས་འདེམས་རྗེས་སུ་ཡུ་རོབ་རྒྱལ་ཁབ་ཁག་གི་བཏང་སྙོམས་ཀྱི་ལྟ་བ་དང་ལངས་ཕྱོགས་འཛིན་པའི་སྲིད་དོན་ཚོགས་པ་ཆེ་ཁག་ལ་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མིའི་འོས་འདེམས་སྐབས་སུ་ཕམ་ཉེས་བྱུང་ཡོད་པས་ད་ནས་ལོ་ལྔའི་རིང་ལ་ཡུ་རོབ་གྲོས་ཚོགས་ཤོག་ཁག་གསུམ་ལྟ་བུ་ཞིག་ལ་འགྱུར་སྲིད་པ་སྟེ། རྒྱལ་ཁབ་སོ་སོའི་མི་རིགས་རིང་ལུགས་ཀྱི་ལྟ་བ་འཛིན་པའི་ཤོག་ཁག་དེ་དང་སྔོ་ལྗང་ཚོགས་པ་ཁག་གི་འཐུས་མི་རྣམས། བཏང་སྙོམས་ཀྱི་ལྟ་བ་འཛིན་པའི་ཡུ་རོབ་རྒྱལ་ཁབ་ཁག་གི་སྲིད་དོན་ཚོགས་པ་ཆེ་ཁག་གི་འཐུས་མི་རྣམས་བཅས་སྟོབས་ཤུགས་མ་འདྲ་བ་གསུམ་ལ་གྱུར་ནས་ཡུ་རོབ་གྲོས་ཚོགས་ཀྱི་སྟབས་ཤུགས་གཅིག་ཏུ་བསྒྲིལ་མི་ཐུབ་པའི་དཀའ་ངལ་སྲིད།།

འཇར་མན་གྱི་མར་ཤཱེལ་ཐེབས་རྩ་ཁང་གི་ཉམས་ཞིབ་པ་རོ་ས་བྷོལ་ཧྥོར་གྱིས་ཡུ་རོབ་རྒྱལ་ཁབ་ཁག་གི་མི་རིགས་རིང་ལུགས་ཀྱི་སྲིད་དོན་ཚོགས་པ་ཁག་གི་ལྟ་བ་དང་ལངས་ཕྱོགས་རྣམས་མཐའ་གཅིག་ཏུ་འདྲ་མཚུངས་མིན་པ་དང་ང་ཚོས་སྲིད་དོན་ཚོགས་པ་དེ་རྣམས་དོན་དངོས་སུ་སྟོབས་ཤུགས་གཅིག་བསྒྲིལ་ཅི་ཙམ་བྱ་ཐུབ་རྒྱུ་ཡིན་མིན་ལ་བལྟ་དགོས་ཀྱིན་འདུག ཡུ་རོབ་ཀྱི་མི་རིགས་རིང་ལུགས་ཀྱི་སྲིད་དོན་ཚོགས་པ་ཁག་ཅིག་ལ་རྒྱལ་ཁབ་༢༨་ཀྱི་སྒྲིག་འཛུགས་དེ་ཁ་གཏོར་གཏོང་རྒྱུའི་ཀུན་སློང་མེད། ཁོ་ཚོས་ཡུ་རོབ་མཉམ་འབྲེལ་གྱི་དབང་ཚད་ཆུང་དུ་བཏང་ནས་ཚོགས་འཐུས་རྒྱལ་ཁབ་ཁག་གི་དབང་ཚད་ཆེ་རུ་གཏོང་དགོས་པའི་ལངས་ཕྱོགས་བཟུང་ཡོད། ཡུ་རོབ་མཉམ་འབྲེལ་མཉམ་འདྲེས་བྱ་རྒྱུ་ཤུགས་ཆེ་དྲགས་ཀྱི་ཡོད་པར་ངོ་རྒོལ་བྱེད་ཀྱིན་འདུག ཡུ་རོབ་མཉམ་འབྲེལ་ལ་དོགས་ཟོན་གྱི་ལྟ་བ་འཛིན་པ་ཁག་ཅིག་གིས་རྒྱལ་ཁབ་༢༨་ཀྱི་སྒྲིག་འཛུགས་དེ་གཏོར་བཤིག་གཏོང་དགོས་པའི་ལྟ་བ་ཞིག་བཟུང་འདུག འདི་ནི་ཡུ་རོབ་མཉམ་འབྲེལ་རྒྱུན་གནས་ཐུབ་མིན་ལ་ཉེན་ཀ་ཆེན་པོ་ཞིག་ཡིན། གཟའ་མིག་དམར་ནས་ཡུ་རོབ་མཉམ་འབྲེལ་གྱི་འགོ་ཁྲིད་ཚོ་ཚོགས་འདུ་ཚོགས་ནས་ཆབ་སྲིད་ཀྱི་ནང་ཚོང་རྒྱག་འགོ་ཚུགས་རྒྱུ་རེད་ཅེས་བཤད། དེང་སྐབས་ཡུ་རོབ་མཉམ་འབྲེལ་གྱི་ཁོངས་རྒྱལ་ཁབ་ཁག་ལ་དཀྱིལ་ཤར་ས་ཁུལ་དང་ཨ་ཧྥི་རི་ཀའི་བྱང་ཕྱོགས། ལྷོ་ཨེ་ཤི་ཡ་སོགས་ཀྱི་ཁ་ཆེ་སྐྱབས་བཅོལ་བ་ལེན་རྒྱུ་མང་དྲགས་ཀྱི་ཡོད་པར་ངོ་རྒོལ་བྱས་ནས་གཡས་ཐལ་ཆེ་བའི་སྲིད་དོན་ཚོགས་པ་ཁག་ལ་མང་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་ཀྱི་ཡོད་པ་རེད།།

XS
SM
MD
LG