ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིས་རྒྱ་ནག་གི་ཧྭ་ཝེ་བཀག་འགོག་བྱ་རྒྱུ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཕྱི་ཟླ་༥་ཚེས་༡༥་ཉིན་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་རིའི་ཚོང་དོན་ལྷན་ཁང་ལ་ཨ་མི་རི་ཀའི་བདེ་འཇགས་ལ་ཉེན་ཀ་ཡོད་པ་དང་ཨ་མི་རི་ཀའི་གསང་བའི་གནས་ཚུལ་ཕྱི་ལ་འཁྱར་སྲིད་པའི་ཕྱི་རྒྱལ་གྱི་ཁ་པར་ལས་ཁུངས་ཁག་གི་ཡོ་བྱད་རྣམས་ཨ་མི་རི་ཀའི་ཁ་པར་མ་ལག་གི་ནང་དུ་བཀོལ་སྤྱོད་བྱེད་དུ་འཇུག་མི་ཆོག་ཅེས་བཀའ་ཕབ། སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱལ་ཁབ་འདི་དང་ཁ་པར་བཟོ་ཚོང་ཁང་དེ་ཞེས་མིང་བཏོན་ནས་བཀག་འགོག་བྱ་དགོས་པའི་གསལ་སྟོན་བྱས་མེད་ཀྱང་ཉམས་ཞིབ་པ་ཕལ་ཆེ་བས་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱལ་ཁབ་དང་ཁ་པར་བཟོ་ཚོང་འདི་ཞེས་མིང་འདོན་མ་བྱས་ཀྱང་མཐར་ཐུག་གི་དམིགས་ཡུལ་ནི་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་གི་ཡིན་པ་སྟེ། ཨ་མི་རི་ཀས་ལོ་ཤས་གོང་ནས་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་རྒྱ་ནག་གི་གསང་བའི་ལས་ཁང་ལ་འབྲེལ་བ་འདུག ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ལས་ཁང་གི་ཁ་པར་གྱི་མ་ལག་ལ་རྒྱ་ནག་གི་གསང་བའི་ལས་ཁང་གིས་ལྐོག་ཉན་དང་ལྐོག་ལྟ་བྱེད་ཐུབ་ཀྱི་འདུག་ཅེས་ཉེན་བརྡ་བཏང་ཡོད་པ་རེད།།

ད་དུང་གཟའ་འཁོར་སྔོན་མར་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་ལ་གྲོས་མཐུན་འཇོག་མ་ཐུབ་པར་ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལ་ཨ་སྒོར་ཐེར་འབུམ་༢༠༠་ཐམ་པ་སྒོ་ཁྲལ་སྤར་རྒྱུ་ལག་ལེན་བསྟར། རྒྱ་ནག་གིས་ཀྱང་ཨ་མི་རི་ཀའི་དངོས་ཟོག་ལ་ཨ་སྒོར་ཐེར་འབུམ་༦༠་ཐམ་པ་སྒོ་ཁྲལ་སྤར་རྒྱུའི་ཁྱབ་བསྒྲགས་བྱས་ནས་བཟུང་། སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་འཕྲུལ་རིག་ཚན་པར་འཐབ་རྒོལ་དང་ཚོང་ལས་བཀག་སྡོམ་བྱ་རྒྱུ་ཤུགས་ཆེ་རུ་བཏང་ཡོད་པ་མཚོན་ཐུབ། ཕོ་བྲང་དཀར་པོའི་ལས་སྣེ་ཚོས་ཨ་མི་རི་ཀའི་བདེ་འཇགས་ལ་གནོད་སྲིད་པའི་ཕྱི་རྒྱལ་གྱི་ཁ་པར་བཟོ་ཚོང་ལས་ཁང་ཁག་གི་ཡོ་བྱད་རྣམས་ཨ་མི་རི་ཀའི་ཁ་པར་མ་ལག་ཁོངས་སུ་བཀོལ་སྤྱོད་བྱེད་མི་ཆོག་པའི་བཀག་སྡོམ་བྱས་པ་ནི་དོགས་ཟོན་ཁོ་ན་ཡིན། ཨ་རིའི་གཞུང་གིས་རང་གི་རྒྱལ་ཁབ་དང་མི་དམངས་ཀྱི་བདེ་འཇགས་སྲུང་སྐྱོབ་ལ་སྲིད་ཇུས་གང་འདྲ་ཞིག་ལག་ལེན་བསྟར་དགོས་ཐུག་ཀྱང་གྲ་སྒྲིག་ཡོད་ཅེས་འགྲེལ་བཤད་བརྒྱབ་སྟེ་ཨ་མི་རི་ཀས་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་དམིགས་སུ་བཀར་པ་ཡིན་ཞེས་གཏན་ནས་འགྲེལ་བཤད་རྒྱག་གི་མེད་པ་རེད།།

ཁ་སང་གཟའ་ལྷག་པའི་ཉིན་ཨ་རིའི་ཚོང་དོན་ལྷན་ཁང་གིས་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་དང་དེའི་ཁྱབ་ཁོངས་ཀྱི་ཡན་ལག་བཟོ་ཚོང་ལས་ཁང་བཅུ་གྲངས་ཤིག་ཨ་མི་རི་ཀའི་བདེ་འཇགས་ལ་ཉེན་ཀ་ཡོད་པའི་ཐོ་ཁོངས་སུ་བཀོད་ཡོད། ཨ་རིའི་ཚོང་དོན་ལྷན་ཁང་གི་ཐོ་གཞུང་འདིར་འཁོད་པའི་བརྡ་འཕྲིན་བཟོ་ཚོང་ལས་ཁང་ཁག་ལ་ཨ་མི་རི་ཀའི་སྲིད་གཞུང་གིས་ཆོག་མཆན་མེད་པར་ཚོང་ལས་གཉེར་པའམ། ཡང་ན་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གི་འཕྲུལ་རྩལ་གྱི་ཡོ་བྱད་དང་མ་ལག་སོགས་ཕྱིར་ཚོང་བྱེད་མི་ཆོག འདི་ལྟར་བྱས་ན་ཨ་མི་རི་ཀའི་བདེ་འཇགས་ལ་གནོད་སྲིད་པའི་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ལ་ཨ་མི་རི་ཀའི་འཕྲུལ་རིག་ལག་རྩལ་འཐོབ་མི་ཐུབ་པའི་དགེ་མཚན་ཡོད། ཉི་མ་༡༥༠་ཐམ་པའི་ནང་ཚུད་དུ་བཀག་སྡོམ་ཐོ་གཞུང་དུ་འཁོད་པའི་བཟོ་ཚོང་ལས་ཁང་ཁག་ལ་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གིས་ཚོང་ལས་ཇི་ལྟར་གཉེར་དགོས་མིན། ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་དེ་ཚོར་ཚོང་འབྲེལ་གང་འདྲ་ཞིག་འཛུགས་ཆོག་མིན་ལ་ཨ་མི་རི་ཀས་ཚོང་དོན་ལྷན་ཁང་གིས་སྒྲིག་གཞི་གཏན་འབེབས་བྱ་རྒྱུ་ཡིན་ཞེས་ཨ་རིའི་ཚོང་དོན་དྲུང་ཆེས་གསར་འགོད་པ་ཚོར་བཤད་འདུག

ཨ་མི་རི་ཀའི་བདེ་འཇགས་ལ་གནོད་སྲིད་པའི་དོགས་གཞིའི་འོག་ཏུ་བཀག་འགོག་བྱེད་ཀྱི་ཡོད་པའི་ཕྱི་རྒྱལ་གྱི་བརྡ་འཕྲིན་བཟོ་ཚོང་ལས་ཁང་དེ་དག་གི་གྲས་སུ་ཨུ་རུ་སུ་དང་ཨི་རན་གཉིས་ཀྱང་ཚུད་ཡོད་ཅིང་། ཨ་མི་རི་ཀའི་གཞུང་གིས་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་ལ་རྒྱ་ནག་གཞུང་གིས་བཀོད་འདོམས་བྱེད་ཐུབ་པར་མ་ཟད། གལ་ཏེ་དམག་འཁྲུག་དང་དུས་བདེ་ཞོད་འཇགས་མེད་པར་གྱུར་ན་རྒྱ་ནག་གཞུང་གིས་བཀའ་བཏང་ནས་ཧྭ་ཝེ་བཟོ་ཚོང་ཁང་གིས་ཨ་མི་རི་ཀའི་ཁ་པར་དང་གློག་འཕྲིན། དྲྭ་ལམ་གྱི་འབྲེལ་བ། མཁའ་ལམ་འགྲིམ་འགྲུལ་དང་མེ་འཁོར་འགྲིམ་འགྲུལ། གཞུང་ལམ་གྱི་འགྲིམ་འགྲུལ་གློག་སྒྲོན། ཆུ་དང་གློག་སོགས་བགོ་འགྲེམ་སོགས་ཀྱི་བྱ་གཞའ་མཐའ་དག་གི་གློག་སྒོ་བརྒྱབ་ནས་སྤྱི་ཚོགས་ལ་ཟིང་ཆ་ཆེན་པོ་སློང་ཐུབ། ཐ་ན་ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་གསང་བའི་གནས་ཚུལ་རྣམས་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་གི་རྒྱ་ནག་གཞུང་ལ་ངོ་བཤུས་རེ་བསྐུར་སྲིད་པའི་ཉེན་ཀ་འདུག་ཅེས་ཉེན་བརྡ་བཏང་རུང་འཇར་མན་ཎི་དང་དབྱིན་ཇི། ཧྥ་རན་སི་དང་ཨི་ཊི་ལི་སོགས་ཨ་མི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་ཁག་ཅིག་གིས་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་གི་ཁ་པར་མ་ལག་བཀོལ་སྤྱོད་བྱ་རྒྱུ་འགོག་ཐུབ་ཀྱི་མེད་པ་དང་། ཉི་ཧོང་དང་ཐེ་ཝན། ཨོ་གླིང་རྒྱལ་ཁབ་དང་ནེའུ་ཛི་ལན་ཌི་སོགས་རྒྱལ་ཁབ་ཁག་ཅིག་གིས་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་གི་ཁ་པར་མ་ལག་བཀོལ་སྤྱོད་བྱ་རྒྱུ་བཀག་ཡོད་པ་རེད།།

ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁང་གིས་རྒྱ་ནག་གཞུང་ལ་འབྲེལ་བ་གཏན་ནས་མེད། ཁོ་ཚོས་རྒྱ་ནག་གཞུང་གིས་བཀོད་འདོམས་ལ་མཉན་ནས་རྒྱལ་ཁབ་གཞན་གྱི་བརྡ་འཕྲིན་འབྲེལ་བར་ལྐོག་ཉན་བྱེད་པའམ། ཡང་ན་རྒྱལ་ཁབ་གཞན་གྱི་གསང་བའི་གནས་ཚུལ་གྱི་འབྲེལ་ལམ་ཁག་རྒྱ་ནག་གཞུང་ལ་མཁོ་སྤྲོད་བྱ་རྒྱུའི་ཚབ་ཏུ་བཟོ་ཚོང་ལས་སྒོ་བརྒྱབ་ན་ལེགས་ཞེས་དག་འབུད་བྱེད་ཀྱི་ཡོད་མོད། འོན་ཀྱང་ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཚོས་རྒྱ་ནག་གི་ཁྲིམས་ལུགས་ནང་དུ་སྒེར་གྱི་བཟོ་ཚོང་ལས་ཁང་ཁག་གིས་སྲིད་གཞུང་གི་བཀོད་འདོམས་ལ་མཉན་དགོས་ཞེས་བཀོད་ཡོད་པས་ཨ་མི་རི་ཀས་རྒྱ་ནག་གི་ཧྭ་ཝེ་བརྡ་འཕྲིན་བཟོ་ཚོང་ཁག་ལ་དོགས་ཟོན་དང་བཀག་འགོག་མི་བྱེད་ཐབས་མེད་རེད་ཅེས་རྒྱུ་མཚན་བགྲངས། སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་ཧྭ་ཝེ་དང་ཀྲུང་ཞཱིང་ཁ་པར་བཟོ་ཚོང་ལས་ཁང་གཉིས་ལ་བཀག་སྡོམ་བྱ་རྒྱུ་འགོ་ཚུགས་པ་དེར་ཨ་རིའི་གྲོས་ཚོགས་སུའང་རྒྱབ་སྐྱོར་ཆེན་པོ་ཡོད་པ་སྟེ། དཔེར་ན་ཨ་རིའི་གྲོས་ཚོགས་ཀྱི་སྲིད་དོན་ཚོགས་པ་གཉིས་ཀྱི་འཐུས་མི་ཚོས་རྩ་དོན་འདིའི་ཐོག་ཏུ་སྲིད་འཛིན་ཌོ་ནལ་ཊམ་ལ་རྒྱབ་སྐྱོར་བྱས་པ་དེ་འདྲ་ཞིག་རྩ་དོན་གཞན་གྱི་ཐོག་ཏུ་གཏན་ནས་རྒྱབ་སྐྱོར་བྱས་མྱོང་མེད་པ་རེད།།

XS
SM
MD
LG