ད་ལོ་ནི་ཨ་མི་རི་ཀས་ཐེ་ཝན་ཐེ་ཝན་ལ་དངོས་སུ་ཕྱི་འབྲེལ་བཅད་ནས་ཐེ་ཝན་ལ་འབྲེལ་བ་འཛིན་ཕྱོགས་ཀྱི་ལག་བསྟར་ཁྲིམས་ཡིག་ཅིག་གཏན་ལ་ཕབ་ནས་ལོ་ཧྲིལ་པོ་༤༠་འཁོར་བའི་ལོ་དེ་ཡིན་པས་ཨ་རི་དང་ཐེ་ཝན་ཕྱོགས་གཉིས་ཀས་ལོ་འདིར་འབྲེལ་བའི་ཁྲིམས་ཡིག་དེར་རྗེས་དྲན་གྱི་མཛད་སྒོ་མང་པོ་ཞིག་སྤེལ་ཡོད་ཅིང་། བདུན་ཕྲག་འདིའི་གཟའ་ལྷག་པའི་ཉིན་ཨ་རིའི་གྲོས་ཚོགས་ཁང་དུ་ཐེ་ཝན་གྱི་འབྲེལ་ལམ་ཁྲིམས་ཡིག་གཏན་འབེབས་བྱུང་བར་རྗེས་དྲན་གྱི་འདུ་འཛོམས་ཞིག་ཚོགས། ཚོགས་འདུའི་ཐོག་ཏུ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ནན་སི་ཕེ་ལོ་སི་མཉམ་ཞུགས་བྱས་ནས་ཐེ་ཝན་གྱི་འབྲེལ་ལམ་ཁྲིམས་ཡིག་གཏན་འབེབས་བྱས་ནས་ལོ་༤༠་འཁོར་བར་རྟེན་འབྲེལ་ཞུས། ཁོང་གིས་ཉེ་ཆར་ཨ་རིའི་གྲོས་ཚོགས་འོག་མས་བསྐྱར་དུ་ཐེ་ཝན་སྲུང་སྐྱོབ་ཀྱི་ཁྲིམས་གཞི་ཞེས་པ་ཞིག་ལ་གྲོས་འཆམ་བྱུང་ནས་ཐག་གཅོད་བྱུང་བ་ནི་ཨ་རིས་ཐེ་ཝན་ལ་ཁས་ལེན་བྱས་པ་ཁག་ཐེག་བྱས་ཡོད་པའི་མཚོན་རྟགས་གལ་ཆེན་ཞིག་ཡིན་ཞེས་བཤད།
༡༩༧༩་ལོར་ཨ་རིའི་གྲོས་ཚོགས་ཀྱིས་ཐེ་ཝན་གྱི་འབྲེལ་ལམ་ཁྲིམས་ཡིག་གཏན་ལ་ཕབ། ཁྲིམས་ཡིག་དེ་གཏན་ལ་ཕབ་ནས་ལོ་བཞི་བཅུའི་རིང་ལ་ཨ་རི་དང་ཐེ་ཝན་གྱི་འབྲེལ་བ་ཡར་རྒྱས་གཏོང་ཐུབ་པའི་ཁྲིམས་ལུགས་ཀྱི་རྨང་གཞི་བརྟན་པོ་ཞིག་ཚུགས། ཐེངས་འདིའི་རྗེས་དྲན་འདུ་འཛོམས་ནི་ཨ་རིར་ཡོད་པའི་ཐེ་ཝན་སྐུ་ཚབ་དོན་གཅོད་ཁང་གིས་གོ་སྒྲིག་བྱས་པ་ཞིག་ཡིན་པ་དང་ཚོགས་ཐོག་ཏུ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ནན་སི་ཕེ་ལོ་སི་གཙོས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་༣༠་ཡས་མས་ཤིག་མཉམ་ཞུགས་གནང་ཡོད། ཚོགས་ཐོག་ཏུ་ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་ཨ་མི་རི་ཀས་ཐེ་ཝན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དེ་ཆབ་སྲིད་ཚོགས་པ་གཉིས་ལ་ཁྱད་པར་མེད། ཐེ་ཝན་ལ་རྒྱ་ནག་གི་གནོན་ཤུགས་ཐེབས་ཀྱི་ཡོད་པའི་སྐབས་འདིར་ཨ་རིའི་གྲོས་ཚོགས་ཀྱིས་ཐེ་ཝན་མི་དམངས་རྣམས་རྒྱ་ནག་གི་འཇིགས་སྐུལ་འོག་ནས་སྐྱོབ་ཐབས་དང་དེ་ལ་གདོང་ལེན་བྱེད་པར་ནུས་ཤུགས་གང་ཡོད་ཀྱིས་རོགས་འདེགས་བྱེད་ཀྱི་ཡོད་པར་མ་ཟད། ཐེ་ཝན་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་ལ་མཉམ་ཞུགས་བྱ་རྒྱུར་ནུས་པ་འདོན་གྱི་ཡོད། ཨ་རི་དང་ཐེ་ཝན་གཉིས་ཀྱི་ཚོང་འབྲེལ་ཡར་རྒྱས་གཏོང་རྒྱུའི་ཐད་དུའང་ཤུགས་རྒྱག་གི་ཡོད་ཅེས་བཤད་འདུག
ནན་སི་ཕེ་ལོ་སིས་ཨ་མི་རི་ཀས་ཐེ་ཝན་མི་དམངས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ནི་ཆབ་སྲིད་ལ་འབྲེལ་བ་མེད། འདི་ནི་ཨ་མི་རི་ཀས་ཐེ་ཝན་གྱི་རང་དབང་དང་དམངས་གཙོ། ཆེ་མཐོང་དང་ཁྲིམས་སྐྱོང་ལམ་ལུགས། འགྲོ་བ་མིའི་ཐོབ་ཐང་སོགས་གོང་བཀུར་དང་རྩ་འཛིན་བླ་ན་མེད་པ་བྱེད་ཀྱི་ཡོད་པའི་རིན་ཐང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ཞིག་ཡིན་ཞེས་བཤད་འདུག འདུ་འཛོམས་འདིའི་སྟེང་དུ་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་དང་ཕོ་བྲང་དཀར་པོའི་རྒྱལ་ཁབ་བདེ་འཇགས་ལྷན་ཚོགས། ཨ་རིའི་ཕྱི་སྲིད་ལྷན་ཁང་དང་རྒྱལ་སྲུང་ལྷན་ཁང་སོགས་ཀྱི་མི་སྣ་ཁག་ཀྱང་མཉམ་ཞུགས་བྱས་ཡོད་པར་ཨ་རིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་དམིགས་བསལ་གྱིས་དོ་སྣང་བྱུང་ཡོད། ཨ་རིའི་གཞུང་གིས་ཐེ་ཝན་ལ་འབྲེལ་ལམ་ཡར་རྒྱས་གཏོང་ཐབས་དང་ཐེ་ཝན་གྱི་སྲུང་སྐྱོབ་ལ་འབྲེལ་བ་ཡོད་པའི་ཁྲིམས་གཞི་ཅི་ཞིག་གཏན་འབེབས་བྱས་ཀྱང་རྒྱ་ནག་གིས་ཨ་མི་རི་ཀས་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་བྱས་ནས་སྦྱོར་བ་ངན་པ་སྤེལ་གྱིན་འདུག་ཅེས་གཞུང་འབྲེལ་གྱིས་ཁ་རྡུང་བཏང་ནས་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད།།།