ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཐེ་ཝན་གྱི་འོས་འདེམས་དང་རྒྱ་ནག་ལ་འགྲིམ་འགྲུལ།


༄༅།། ཐེ་ཝན་གྱི་རྒྱལ་ཡོངས་གྲོས་ཚོགས་ཀྱིས་མཚོ་གླིང་དེའི་བདེ་འཇགས་བཅའ་ཁྲིམས་གཉིས་ལ་སྒྱུར་བཅོས་བཏང་སྟེ་གོ་མིན་ཏང་གི་འགོ་ཁྲིད་ཚོ་རྒྱ་ནག་ལ་འགྲིམ་འགྲུལ་བྱེད་མི་ཐུབ་པ་དང་ཐེ་ཝན་གྱི་གསང་བའི་གནས་ཚུལ་རྣམས་རྒྱ་ནག་ལ་མཁོ་སྤྲོད་བྱེད་མི་ཐུབ་པ། ལོ་རྗེས་མའི་ཐེ་ཝན་གྱི་སྲིད་འཛིན་འོས་འདེམས་ལ་རྒྱ་ནག་གི་ཤུགས་རྐྱེན་ཐེབས་མི་ཐུབ་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་ཡོད་པ་དང་། ཐེ་ཝན་གྱི་གྲོས་ཚོགས་སུ་མཚོ་གླིང་དེའི་འགོ་ཁྲིད་ཟུར་པ་ཚོ་རྒྱ་ནག་ལ་འགྲིམ་འགྲུལ་བྱེད་མི་ཆོག་པའི་དུས་ཡུན་ཇེ་རིང་བཏང་བ་དང་ཐེ་ཝན་གྱི་འགོ་ཁྲིད་ཚོས་རྒྱ་ནག་དང་ཧོང་ཀོང་། ཨོ་མེན་དམིགས་བསལ་ས་ཁུལ་བཅས་སུ་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོར་ངན་འབྲེལ་བྱས་ནས་ཐེ་ཝན་ལ་རྒྱབ་གཏོད་བྱེད་མི་ཐུབ་པའི་བཅའ་ཁྲིམས་ཀྱི་ནུས་པ་ཤུགས་ཆེ་རུ་བཏང་བདུག

གོ་མིན་ཏང་གི་གྲོས་ཚོགས་འཐུས་མི་ཝང་ཡུ་མིན་དང་གོ་མིན་ཏང་གི་སྲིད་དོན་པ་ཚོས་ཐེ་ཝན་གྱི་བདེ་འཇགས་བཅའ་ཁྲིམས་ཁག་ཅིག་ལ་སྒྱུར་བཅོས་བཏང་བ་ནི་གོ་མིན་ཏང་གི་འགོ་ཁྲིད་ཟུར་པ་ཚོ་རྒྱ་ནག་དང་ཧོང་ཀོང་། ཨོ་མེན་དམིགས་བསལ་ས་ཁུལ་བཅས་སུ་བསྐྱོད་ནས་འཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་གཏོང་གི་ཡོད་པ་དང་ཐེ་ཝན་གྱི་སྲིད་འཛིན་འོས་འདེམས་སྐབས་སུ་གོ་མིན་ཏང་གི་སྲིད་འཛིན་འོས་མིར་རྒྱལ་ཁབ་འཐོབ་སྲིད་པ་འགོག་ཐབས་ཤིག་རེད་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་མོད། ཐེ་ཝན་གྱི་གཞུང་འཛིན་ཚོགས་པ་དམངས་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་ཐེ་ཝན་གྱི་བདེ་འཇགས་བཅའ་ཁྲིམས་ལ་ལེགས་བཅོས་བཏང་བ་ནི་ཐེ་ཝན་གྱི་མཐོ་རིམ་ལས་སྣེ་ཟུར་པ་ཚང་མ་རྒྱ་ནག་ལ་ཕྱིན་ནས་ངན་འབྲེལ་བྱེད་པའམ། ཡང་ན་ཐེ་ཝན་གྱི་གསང་བའི་གནས་ཚུལ་རྣམས་རྒྱ་ནག་ལ་མཁོ་སྤྲོད་བྱ་སྲིད་པ་འགོག་ཐབས་ཤིག་ཡིན་ཞེས་ལན་འདེབས་བྱས་པ་དང་ཐེ་ཝན་གྱི་སྲིད་འཛིན་ཟུར་པ་མ་དབྱིན་ཇུག་དང་སྲིད་འཛིན་གཞོན་པ་ཟུར་པ་ཝུ་ཏེ་དབྱིན་གཉིས་ཟླ་བ་རྗེས་མར་རྒྱ་ནག་ལ་བསྐྱོད་འཆར་ཡོད་པ་འགོག་རྒྱུ་རེད་ཅེས་ཉམས་ཞིབ་པ་ཚོས་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

གོ་མིན་ཏང་གི་གྲོས་ཚོགས་འཐུས་མི་ཝང་ཡུ་མིན་གྱིས་སྲིད་འཛིན་གཞོན་པ་ཟུར་པ་ཝུ་ཏེ་དབྱིན་གོ་མིན་ཏང་གི་ཚོགས་གཙོ་ཡིན་པ་དང་། ཁོ་པ་རྒྱ་ནག་ལ་འཚམས་འདྲིར་ཕེབས་ནས་རྒྱ་ནག་གི་འགོ་ཁྲིད་ཚོར་ཐུག་འཕྲད་བྱ་རྒྱུ། གོ་མིན་ཏང་དང་གུང་ཁྲན་ཏང་གཉིས་ཀྱིས་རྒྱ་ནག་དང་ཐེ་ཝན་གྱི་འབྲེལ་བ་ཡར་རྒྱས་གཏོང་རྒྱུའི་གྲོས་མོལ་བྱེད་བཞིན་ཡོད། འདི་ནི་༢༠༠༦་ནས་འགོ་ཚུགས་པའི་ལམ་སྲོལ་ཞིག་ཡིན་ཞེས་བཤད། རྒྱ་ནག་གིས་ཐེ་ཝན་གྱི་གོ་མིན་ཏང་ལ་འབྲེལ་བ་ཡར་རྒྱས་བཏང་ནས་དཔལ་འབྱོར་དང་ཚོང་ལས་ཀྱི་ཁེ་ཕན་ཅུང་ཟད་རེ་སྤྲོད་ཀྱི་ཡོད་ཀྱང་རྒྱ་ནག་གི་འགོ་ཁྲིད་ཚོས་ཐེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པར་འབྲེལ་བ་གཏན་ནས་བྱེད་ཀྱི་མེད་པ་དང་། ཐེ་ཝན་གྱི་གོ་མིན་ཏང་དང་རྒྱ་ནག་གི་གུན་ཁྲན་ཏང་གཉིས་ཀས་རྒྱ་ནག་དང་ཐེ་ཝན་གཉིས་གཅིག་གྱུར་བྱ་དགོས་པ་དང་མཚོ་འགག་ཕྱོགས་གཉིས་རྒྱ་ནག་གཅིག་གི་མངའ་ཁོངས་སུ་འདུ་དགོས་པའི་ལངས་ཕྱོགས་བཟུང་རུང་། ཐེ་ཝན་གྱི་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པ་དང་ཐེ་ལེན་ཏང་སོགས་སྲིད་དོན་ཚོགས་པ་ཁག་ཅིག་གིས་ཐེ་ཝན་རང་བཙན་གྱི་ལངས་ཕྱོགས་བཟུང་ཡོད་ཅིང་། སྔོན་ཆད་ཐེ་ཝན་གྱི་འགོ་ཁྲིད་ཚོ་ལས་གནས་ནས་འཕོ་འགྱུར་ཕྱིན་ནས་ལོ་གསུམ་གྱི་རྗེས་སུ་རྒྱ་ནག་དང་ཧོང་ཀོང་། ཧོ་མེན་དམིགས་བསལ་ས་ཁུལ་བཅས་སུ་བསྐྱོད་ནས་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོར་ཐུག་འཕྲད་བྱེད་ཆོག་གི་ཡོད་ཀྱང་ད་ལྟ་ཐེ་ཝན་གྱི་གཞུང་འབྲེལ་མི་སྣ་ཟུར་པ་ཚོ་ལོ་༦་གི་རྗེས་སུ་མ་གཏོགས་རྒྱ་ནག་དང་ཧོང་ཀོང་། ཨོ་མེན་དམིགས་བསལ་ས་ཁུལ་བཅས་ལ་བསྐྱོད་ནས་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོར་ཐུག་འཕྲད་བྱེད་ཆོག་གི་མེད་པ་རེད།

༢༠༠༨་ནས་༢༠༡༦་བར་དུ་ཐེ་ཝན་གྱི་གོ་མིན་ཏང་གིས་སྲིད་དབང་བཟུང་ནས་མཚོ་འགག་ཕྱོགས་གཉིས་ཀྱི་དཔལ་འབྱོར་དང་ཚོང་ལས། རྒྱ་ནག་དང་ཐེ་ཝན་གྱི་སྐྱེལ་འདྲེན་དང་ཡིག་ཟམ། མཁའ་ལམ་བཅས་ཀྱི་འབྲེལ་བ་ཡག་ཏུ་བཏང་བར་མ་ཟད། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཐོག་ཏུ་ཐེ་ཝན་གྲོགས་མེད་ཁེར་རྐྱང་དུ་འཇོག་རྒྱུ་དང་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་ཁག་རྒྱ་ནག་གིས་འགུག་ཐབས་བྱ་རྒྱུ་མཚམས་འཇོག་བྱས་ཤིང་། ཡིན་ནའང་༢༠༡༦་གི་སྲིད་འཛིན་འོས་འདེམས་སྐབས་སུ་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་ཚེ་དབྱིན་ཝེན་གྱི་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་ནས་བཟུང་། རྒྱ་ནག་དང་ཐེ་ཝན་གྱི་དཔལ་འབྱོར་དང་ཚོང་འབྲེལ་བར་གནོད་སྐྱོན་ཆེན་པོ་ཞིག་ཕོག་གི་མེད་ཀྱང་རྒྱ་ནག་གཞུང་གིས་ཐེ་ཝན་ལ་རྒྱལ་སྤྱིའི་ཐོག་ཏུ་ཕྱི་འབྲེལ་གྱི་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་བཏང་སྟེ་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་འགའ་ཞིག་གིས་ཐེ་ཝན་ལ་འབྲེལ་བ་བཅད་ནས་རྒྱ་ནག་ལ་ཕྱི་འབྲེལ་བཙུགས། ད་དུང་རྒྱ་ནག་གཞུང་གིས་དགོས་མཁོ་བྱུང་ན་ཐེ་ཝན་ལ་དམག་བརྒྱབ་ནས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུ་ཡིན་ཞེས་སྡིགས་ར་སྐུལ་གྱི་ཡོད་པ་རེད།

༢༠༡༩་ལོའི་ཕྱི་ལོ་གསར་པའི་གཏམ་བཤད་སྐབས་སུ་ཞིས་ཅིན་ཕིང་གིས་རྒྱ་ནག་དང་ཐེ་ཝན་གཉིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་འོག་ཏུ་གཅིག་སྒྱུར་བྱ་ཆོག ཐེ་ཝན་གཞུང་གིས་༡༩༩༢་ལོར་མཚོ་འགག་ཕྱོགས་གཉིས་ཀྱིས་རྒྱ་ནག་གཅིག་གི་རྩ་དོན་ལ་ཁས་ལེན་གྱི་གྲོས་མཐུན་བཞག་པར་བརྩི་འཇོག་བྱ་དགོས་ཞེས་ནན་བརྗོད་བྱས་ཡོད། ཡིན་ནའང་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ཐེ་ཝན་གཞུང་གིས་ནམ་ཡང་རྒྱ་ནག་གཅིག་གི་རྩ་དོན་ལ་ཁས་ལེན་བྱ་ཐུབ་ཐབས་མེད། རྒྱ་ནག་གཞུང་གིས་ཐེ་ཝན་མཚོ་གླིང་དུ་རང་དབང་དང་དམངས་གཙོའི་ཡུལ་ལུང་ཞིག་གཞིས་ཚུགས་ཡོད་པའི་དོན་དངོས་ལ་ཁས་ལེན་བྱ་དགོས། ཐེ་ཝན་གྱི་མདུན་ལམ་ནི་ཐེ་ཝན་མི་དམངས་ས་ཡ་༢༣་གྱིས་ཐག་གཅོད་བྱ་དགོས་ཞེས་ཞིས་ཅིན་ཕིང་གི་གཏམ་བཤད་ལ་དགག་པ་བརྒྱབ། ༡༩༩༢་ལོར་རྒྱ་ནག་གི་གྲོས་མོལ་འགོ་བ་ཝང་ཏོ་ཧན་དང་ཐེ་ཝན་གྱི་གྲོས་མོལ་འགོ་བ་གུ་ཁྲེན་ཧྥུ་གཉིས་ཀྱིས་མཚོ་འགག་ཕྱོགས་གཉིས་རྒྱ་ནག་གཅིག་གི་མངའ་ཁོངས་སུ་འདུ་དགོས། འཛམ་གླིང་འདིར་རྒྱ་ནག་གཅིག་ལས་མེད། རྒྱ་ནག་གཅིག་ཟེར་པ་དེར་མཚོ་འགག་ཕྱོགས་གཉིས་ཀར་མཚན་ཉིད་འཇོག་སྟངས་མ་འདྲ་བ་རེ་ཡོད་ཆོག་ཅེས་གྲོས་མཐུན་བཞག་ཡོད་པ་རེད།།

XS
SM
MD
LG