ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨ་རི་དང་རྒྱ་ནག་གི་ཚོང་དོན་གྲོས་མོལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཉེ་ཆར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་མུ་མཐུད་ཏུ་སྒོི་ཁྲལ་སྤར་རྒྱུའི་ཉེན་བརྡ་བཏང་སྟེ་ཨ་རི་དང་རྒྱ་ནག་གི་ཚོང་དོན་གྲོས་མོལ་ལ་ལམ་ལྷོངས་ཡོང་གི་མེད་པའི་སྣང་ཚུལ་ཁག་ཅིག་ཐོན། དེ་ནི་རྒྱ་ནག་གིས་གྲོས་མཐུན་དེའི་ཁྱབ་ཁོངས་སུ་དོན་ཚན་རིགས་མ་འདྲ་བ་༧་ལ་སྔོན་ཆད་ཁས་ལེན་བྱས་ཟིན་པའི་འབྲུ་དོན་ཁག་ལ་རྩིས་མེད་དང་སྒྱུར་བཅོས་གཏོང་གི་ཡོད་པ་བཅས་ཀྱིས་ཕྱོགས་གཉིས་ཀྱི་ཚོང་དོན་གྲོས་མོལ་ལ་འགལ་རྐྱེན་གསར་པ་ཞིག་འཕྲད་པ་རེད་ཅེས་རྒྱུས་མངའ་ཅན་གྱི་གནད་ཡོད་མི་སྣ་མང་པོས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་འགྲེལ་བཤད་བརྒྱབ་ཡོད་པ་རེད།

དེ་རིང་སྤྱི་ཟླ་ལྔ་པའི་ཚེས་བརྒྱད་ཀྱི་ཉིན་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་ཡོད་པ་ལྟར་ན་བདུན་ཕྲག་སྔོན་མའི་གཟའ་པ་སངས་གི་མཚན་ལ་རྒྱ་ནག་པེ་ཅིན་ནས་ཨ་རིའི་གཞུང་ལ་གློག་འཕྲིན་ཞིག་འབྱོར་པའི་ནང་དུ་རྒྱ་ནག་གཞུང་གིས་དུས་ཡུན་རིང་པོའི་སྔོན་ནས་ཨ་རི་ལ་ཚོང་དོན་གྲོས་མོལ་བྱས་ཏེ་ཕྱོགས་གཉིས་ཀྱི་གྲོས་མཐུན་གྱི་མ་ཟིན་ཤོག་ངོས་བརྒྱ་དང་ལྔ་བཅུ་ཅན་ཞིག་གཏན་འབེབས་བྱུང་ཡོད་རུང་ཉེ་ཆར་རྒྱ་ནག་གིས་གྲོས་མཐུན་གྱི་མ་ཟིན་དེའི་འབྲུ་དོན་ཁག་ལ་འགྱུར་བ་བཏང་ཞིང་། རྒྱ་ནག་གིས་ཨ་རིའི་དགོས་འདུན་ལྟར་ཁས་ལེན་བྱས་པའི་གནད་འགག་ཅན་གྱི་དོན་ཚན་ཁག་འབྲེལ་ཡོད་ཁྲིམས་སྒྲིག་གཞི་སོགས་གྲོས་མཐུན་དེའི་དོན་ཚན་བདུན་གྱི་ཁྱབ་ཁོངས་སུ་བཟོ་བཅོས་བཏང་ཡོད་པ་རེད།

རྒྱ་ནག་གིས་ཨ་རིའི་རིག་དངོས་བདག་དབང་དང་ཚོང་ལས་ཀྱི་གསང་བའི་གནས་ཚུལ་བརྐུ་འཁྱེར་བྱེད་ཀྱི་ཡོད་པ། རྒྱ་ནག་ལ་ཚོང་ལས་ཀྱི་མཉམ་འབྲེལ་བྱེད་བཞིན་པའི་ཨ་རིའི་བཟོ་ཚོང་ལས་ཁང་ཁག་གི་འཕྲུལ་རིག་ལག་རྩལ་རྒྱ་ནག་གིས་བཙན་འཕྲོག་བྱེད་པའམ། རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ལ་གསང་བའི་འཕྲུལ་རིག་ལག་རྩལ་རྣམས་མཁོ་སྤྲོད་བྱེད་དུ་འཇུག་གི་ཡོད་པ། ཨ་རིའི་བཟོི་ཚོང་ཁང་ཁག་ལ་རྒྱ་ནག་གི་ཁྲོམ་རའི་ནང་དུ་རྒྱ་ནག་བཟོ་ཚོང་ལས་ཁང་ཁག་དང་འདྲ་མཉམ་གྱིས་འགྲན་རྩོད་བྱེད་ཆོག་པའི་སྲིད་ཇུས་ཡག་པོ་མེད་པ། རྒྱ་ནག་གིས་འོས་མཐུན་མིན་པར་དངུལ་སྒོར་གྱི་འཛའ་ཐང་སྤར་གཅོག་བྱེད་པ་སོགས་ཨ་རིའི་རྒྱ་ནག་ལ་དམིགས་བསལ་གྱིས་དགོས་འདུན་བཏོན་པའི་གནད་དོན་ཁག་ལ་རྒྱ་ནག་གིས་ཁས་ལེན་བྱས་པ་རྣམས་གྲོས་མཐུན་གྱི་མ་ཟིན་ནས་ཕྱིར་འཐེན་བྱས་ཤིང་། ད་ལྟའི་བར་དུ་ཨ་རི་དང་རྒྱ་ནག་ཕྱོགས་གཉིས་ཀྱི་ཚོང་དོན་སྐུ་ཚབ་ཚོགས་པས་དུས་ཡུན་ཟླ་བ་བཅུའི་རིང་དུ་གྲོས་མོལ་བྱས་པའི་གྲུབ་འབྲས་རྣམས་རྩིས་མེད་བཏང་ཡོད་པ་རེད།

ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་གནད་དོན་དེའི་རྐྱེན་པས་བདུན་ཕྲག་སྔོན་མའི་གཟའ་ཉི་མའི་ཉིན་ཊོས་ཊར་དྲྭ་ལམ་དུ་བདུན་ཕྲག་འདིའི་གཟའ་པ་སངས་ཉིན་ནས་མགོ་བརྩམས་ཏེ་རྒྱ་ནག་ནས་ཨ་རིར་ནང་འདྲེན་བྱེད་ཀྱི་ཡོད་པའི་ཚོང་ཟོག་ལ་ཨ་སྒོར་ཐེར་འབུམ་༢༠༠་ཐམ་པ་སྒོ་ཁྲལ་སྤེལ་ཏེ་ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༡༠་ལས་རྒྱག་གི་མེད་པ་བརྒྱ་ཆ་༢༥་ལ་སྤར་རྒྱུ་ཡིན་ཞེས་བསྒྲགས། སྒོ་ཁྲལ་སྤར་རྒྱུ་ལག་བསྟར་བྱ་རྒྱུའི་ཉིན་མོ་ནི་ཏག་ཏག་རྒྱ་ནག་གི་སྲིད་བློན་གཞོན་པ་ལིའུ་ཧེ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཕྱོགས་གཉིས་ཀྱི་ཚོང་དོན་གྲོས་མོལ་འཕྲོ་སྐྱོང་བྱེད་དུ་ཡོང་གི་ཡོད་པར་ཁེལ་ཡོད་པ་རེད།

ཐེངས་འདིར་རྒྱ་ནག་གིས་ཚོང་དོན་གྲོས་མཐུན་དེའི་མ་ཟིན་ལ་བཟོ་བཅོས་བརྒྱབ་པ་དེར་ཨ་རིའི་ཚོང་དོན་སྐུ་ཚབ་མི་སྣ་ལཱ་ཡི་ཊི་ཧ་ཛི་དང་ཨ་རིའི་ནོར་སྲིད་དྲུང་ཆེ་མུ་ཎི་ཆིན་གཉིས་ཀ་བློ་ཕམ་ཆེན་པོི་བྱུང་འདུག་ཅེས་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་འདུག ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོི་ཁྲལ་སྤར་རྒྱུའི་གསལ་བསྒྲགས་བྱས་པའི་རྗེས་ལ་རྒྱ་ནག་གཞུང་གིས་གནས་ཚུལ་དེ་རྒྱ་ནག་ལ་ཡོངས་གྲགས་ཀྱིས་ཁྱབ་དུ་བཅུག་མེད་པར་དྲ་རྒྱའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་དེའི་སྐོར་ནག་གསུབ་གཏོང་གི་ཡོད་པའི་གནས་ཚུལ་བྱུང་། རྒྱ་ནག་གི་མ་རྐང་ཁྲོམ་ར་ཉི་མ་གཅིག་ལ་བརྒྱ་ཆ་ལྔ་གློ་བུར་དུ་ཆག་ཀྱང་ཨ་རིའི་སྲིད་འཛིན་གྱི་ཐག་གཅོད་དེར་རྒྱ་ནག་གིས་ཡ་ལན་ནན་མ་ཅི་ཡང་སློག་མེད་པར་མུ་མཐུད་དུ་ཨ་རིར་ཚོང་དོན་གྲོས་མོལ་བྱ་འདོད་ཡོད་པའི་རྣམ་འགྱུར་བསྟན་ཡོད་པ་རེད།།

XS
SM
MD
LG