ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་རི་དང་རྒྱ་ནག་གི་ཚོང་དོན་གྲོས་མོལ་གྱི་འགག་རྩ།


༄༅།། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་བདུན་ཕྲག་འདིའི་གཟའ་པ་སངས་ནས་ཨ་མི་རི་ཀས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༡༠་རྒྱག་གི་ཡོད་པ་བརྒྱ་ཆ་༢༥་ལ་སྤར་པའམ། ཡང་ན་རྒྱ་ནག་གི་དངོས་ཟོག་ལ་ཨ་སྒོར་ཐེར་འབུམ་༢༠༠་སྒོ་ཁྲལ་སྤར་རྒྱུ་ཡིན། ད་དུང་རྒྱ་ནག་གི་དངོས་ཟོག་གཞན་ཁག་ལའང་སྒོ་ཁྲལ་ཨ་སྒོར་ཐེར་འབུམ་༣༢༥་སྤར་སྲིད་ཅེས་ཉེན་བརྡ་བཏང་སྟེ་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་ཡག་པོ་ཡོང་གི་མེད་པའི་བརྡ་ཞིག་བཏང་འདུག ཉམས་ཞིབ་པ་ཚོས་ཞིབ་འཇུག་བྱས་པ་ལྟར་ན་ཨ་མི་རི་ཀས་རྒྱ་ནག་ནས་ནང་འདྲེན་བྱེད་ཀྱི་ཡོད་པའི་འཚོ་བའི་ཉེར་སྤྱོད་ཀྱི་དངོས་ཟོག་གྱོན་གོས་དང་ལྷམ། གློག་ཆས་དང་ཕྲུ་གུའི་རྩེད་ཆས་སོགས་དངོས་ཟོག་བརྒྱ་ཆ་༤༠་ལྷག་ལ་སྒོ་ཁྲལ་སྤར་མེད་ཀྱང་གཟའ་ཉི་མ་དེར་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་ཨ་སྒོར་ཐེར་འབུམ་༢༠༠་ཐམ་པའི་སྒོ་ཁྲལ་སྤར་རྒྱུའི་སྡིགས་ར་བསྐུལ། ད་ལྟ་སླར་ཡང་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་གཞན་ཁག་ལའང་སྒོ་ཁྲལ་ཨ་སྒོར་ཐེར་འབུམ་༣༢༥་སྤར་སྲིད་ཅེས་སྡིགས་ར་སྐུལ་བཞིན་པ་ལག་ལེན་དངོས་སུ་བསྟར་ཚེ། ཨ་མི་རི་ཀའི་མི་དམངས་དཀྱུས་མ་ཚོས་ལོངས་སུ་སྤྱོད་བཞིན་པའི་འཚོ་བའི་ཉེར་སྤྱོད་ཀྱི་ཅ་ལག་རྣམས་རིན་གོང་འཕར་ནས་དཀའ་ངལ་འཕྲད་སྲིད། ཐ་ན་༢༠༢༠་ལོའི་སྲིད་འཛིན་འོས་འདེམ་སྐབས་སུ་ཌོ་ནལ་ཊམ་ལ་ཨ་མི་རི་ཀའི་མི་དམངས་དཀྱུས་མ་ཚོའི་འོས་ཤོག་འཐོབ་མི་ཐུབ་པའི་ཉེན་ཀ་འབྱུང་སྲིད་ཅེས་ཉེན་བརྡ་བཏང་འདུག

ད་ལོའི་ཕྱི་ཟླ་དང་པོ་ནས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་སྐུ་ཚབ་ཚོས་ཕྱོགས་གཉིས་ཀྱི་ཚོང་དམག་མཇུག་བསྒྲིལ་པར་གྲོས་མོལ་ཐེངས་༡༢་བྱས་ནས་རྒྱ་ནག་གི་བཅའ་ཁྲིམས་ལ་སྒྱུར་བཅོས་དང་རྒྱལ་ཁབ་གཞན་གྱི་རིག་དངོས་བདག་དབང་ལ་སྲུང་སྐྱོབ། ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་གི་ཚན་རིག་དང་འཕྲུལ་རིག་ལག་རྩལ་རྣམས་རྒྱ་ནག་གིས་བཙན་འཕྲོག་བྱེད་མི་ཆོག་པའི་གྲོས་བསྡུར་བྱས་པར་རྒྱ་ནག་གི་ཚོང་དོན་སྐུ་ཚབ་ཚོས་མོས་མཐུན་བྱས་ཀྱང་རྒྱ་ནག་གཞུང་གིས་གྲོས་མཐུན་དེ་ཚོ་ལག་ལེན་ཚུལ་བཞིན་བསྟར་རྒྱུ་ཡིན་མིན་ངེས་གཏན་མེད་ཅིང་། དཔེར་ན་རྒྱ་ནག་གི་ཚོང་དོན་གྲོས་མོལ་བ་ཚོས་གྲོས་མཐུན་བྱུང་ཟིན་པ་ཁག་གི་ཚིག་འབྲུ་ལ་འགྱུར་བ་གཏོང་གི་ཡོད་པ་དང་གཟའ་ཟླ་བའི་ཉིན་རྒྱ་ནག་གིས་ཁས་ལེན་བྱས་ཟིན་པ་རྣམས་བརྩི་མེད་གཏོང་རྒྱུའི་རྣམ་འགྱུར་བསྟན་པས་ཨ་མི་རི་ཀ་དང་རྒྱ་ནག་གི་ཚོང་དོན་གྲོས་མོལ་དེར་གློ་བུར་དུ་འགལ་རྐྱེན་གསར་པ་ཞིག་འཕྲད། རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་གྱི་འགག་རྩ་མཐའ་དག་རྒྱ་ནག་གཞུང་གིས་ཨ་མི་རི་ཀའི་རིག་དངོས་བདག་དབང་ལ་སྲུང་སྐྱོབ་བྱེད་ཀྱི་མེད་པ་དང་ཨ་མི་རི་ཀའི་བཟོ་ཚོང་ལས་ཁང་ཁག་གི་ཚན་རིག་དང་འཕྲུལ་རིག་ལག་རྩལ་རྣམས་བཙན་འཕྲོག རྒྱ་ནག་གིས་ཨ་མི་རི་ཀའི་ཚོང་ལས་དང་དཔལ་འབྱོར་གྱི་གསང་བའི་གནས་ཚུལ་རྐུ་འཁྱེར་བྱེད་ཀྱི་ཡོད་པ་རྣམས་མཚམས་འཇོག་བྱེད་ཀྱི་མེད་པ་བཅས་ལ་ཐུག་ཡོད་པ་རེད།།

ཁ་སྔོན་ཕྱི་ཟླ་གསུམ་པའི་ནང་དུ་རྒྱ་ནག་གིས་ཕྱི་རྒྱལ་གྱི་མ་རྩ་འཛུགས་འཇོག་བཅའ་ཁྲིམས་ཤིག་གཏན་ལ་ཕབ་སྟེ་༢༠༢༠་ལོའི་ཕྱི་ཟླ་དང་པོའི་ཚེས་༡་ནས་བཅའ་ཁྲིམས་དེ་ལག་ལེན་བསྟར་རྒྱུ། སྲིད་བློན་ལི་ཁེ་ཆང་གིས་བཅའ་ཁྲིམས་དེར་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་ལ་སྲུང་སྐྱོབ་བྱ་དགོས་ཞེས་འཁོད་ཡོད་པའི་འབྲུ་དོན་ཁག་རྒྱ་ནག་གཞུང་གིས་ལག་ལེན་ཚུལ་བཞིན་བསྟར་ཆོག་ཅེས་ཁས་ལེན་བྱས་ཡོད་པར་མ་ཟད། བཅའ་ཁྲིམས་དེར་རྒྱ་ནག་གཞུང་གིས་ཁྲིམས་འགལ་ཐོག་ཏུ་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་གི་ཚོང་ལས་གཉེར་འཛིན་ལ་ཐེ་གཏོགས་བྱེད་མི་ཆོག རྒྱ་ནག་གཞུང་དང་སྒེར་གྱི་བཟོ་ཚོང་ལས་ཁང་ཁག་གིས་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་གི་འཕྲུལ་རིག་ལག་རྩལ་བཙན་འཕྲོག་བྱེད་མི་ཆོག ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་ལ་སྲུང་སྐྱོབ་བྱེད་པའི་རྒྱ་ནག་གི་བཅའ་ཁྲིམས་དེར་འགལ་འཛོལ་བྱེད་མཁན་ཚོར་ཁྲིམས་གཅོད་བྱ་རྒྱུ་ཡིན་ཞེས་ཁྲིམས་ཡིག་གཏན་འབེབས་བྱུང་བར་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་གི་དགའ་བསུ་ཐོབ། ཡིན་ནའང་རྒྱ་ནག་ལ་རང་བཙན་གྱི་ཁྲིམས་འཛིན་ལམ་ལུགས་ཤིག་མེད་པ་དང་རྒྱ་ནག་གི་ཁྲིམས་ཁང་ཁག་གིས་དབུས་དམར་ཤོག་ཚོགས་པའི་བཀོད་འདོམས་ལ་ཉན་དགོས་པས་རྒྱ་ནག་གི་བཅའ་ཁྲིམས་དེར་ནུས་པ་ཅི་ཙམ་འཐོན་རྒྱུ་ཡིན་མིན་ཐེ་ཚོམ་གྱི་གནས་སུ་ཟད་ཅེས་ཉམས་ཞིབ་པ་ཚོས་དོགས་སློང་བྱས་འདུག

ཨ་རི་དང་རྒྱ་ནག་གི་ཚོང་དོན་གྲོས་མོལ་གྱི་འགག་རྩ་གཞན་པ་ཞིག་ནི་རྒྱ་ནག་གི་ཁྲོམ་རའི་ནང་དུ་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་ལ་ཚོང་ལས་གཉེར་ཆོག་པའི་ལག་འཁྱེར་མི་འཐོབ་པའི་དཀའ་ངལ་སྣ་མང་ཞིག་འཕྲད་ཀྱི་ཡོད་པ་དེར་ཐུག་ཡོད་པ་སྟེ། རྒྱ་ནག་དང་འབྲེལ་ཡོད་རྒྱལ་ཁབ་གང་ཞིག་གི་ཚོང་དོན་སྐུ་ཚབ་ཚོས་ཕྱོགས་གཉིས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་ཀྱང་རྒྱ་ནག་གི་ས་གནས་ཁག་གིས་ཁྲིམས་དང་སྒྲིག་གཞི་འདྲ་མིན་ཞིག་གཏན་འབེབས་བྱས་ནས་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་ལ་ཆ་རྐྱེན་སྣ་ཚོགས་ཤིག་བཏོན་པ་དང་ཆོག་མཆན་སྣ་མང་ཞིག་ཞུ་རུ་འཇུག་གི་ཡོད་པའི་འགོག་རྐྱེན་རྣམས་སེལ་དཀའ། རྒྱ་ནག་གི་ཞིང་ཆེན་སོ་སོར་ཁྲིམས་ལུགས་ལག་ལེན་བསྟར་ཕྱོགས་མ་འདྲ་བ་ཡོད་པས་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་ལ་དམིགས་བསལ་གྱི་དཀའ་ངལ་འཕྲད་ཀྱི་ཡོད་པ་དང་། ལྷག་པར་དུ་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གིས་ཕྱི་རྒྱལ་གྱི་ཐོན་སྐྱེད་ལ་མིག་དཔེ་བལྟས་ནས་ཅ་ལག་རྫུན་བཟོ་བྱས་པ་དང་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་གི་ལས་རྟགས་ལ་སྲུང་སྐྱོབ་མེད་པ། རྒྱ་ནག་གི་ཁྲོམ་རའི་ནང་དུ་ཕྱི་རྒྱལ་གྱི་བཟོ་ཚོང་ལས་ཁང་ཁག་ལ་འགྲན་སྡུར་གྱི་གོ་སྐབས་འདྲ་མཉམ་འཐོབ་ཀྱི་མེད་པའི་དཀའ་ངལ་རྣམས་སེལ་ཐུབ་མེད་པ་རེད།།

ཕྱི་ཟླ་༥་ཚེས་༧་ཉིན་རྒྱ་ནག་གི་ཚོང་དོན་ལྷན་ཁང་གིས་སྲིད་བློན་གཞོན་པ་ལིའུ་ཧེ་ཡིས་འགོ་ཁྲིད་པའི་རྒྱ་ནག་གི་ཚོང་དོན་སྐུ་ཚབ་ཚོགས་པ་ཨ་མི་རི་ཀར་ཕེབས་ནས་གཟའ་ཕུར་བུ་དང་པ་སངས་ཉིན་ལ་ཚོང་དོན་གྲོས་མོལ་བྱ་འཆར་ཡོད་ཅེས་བསྒྲགས། སྲིད་བློན་གཞོན་པ་ལིའུ་ཧེ་ནི་རྒྱ་ནག་གི་སྲིད་བློན་ཞིས་ཅིན་ཕིང་གི་བློས་ཐུབ་ཀྱི་དཔལ་འབྱོར་སློབ་སྟོན་པ་ཡིན་པས་ལིའུ་ཧེ་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་ལ་མཉམ་ཞུགས་བྱས་ན་ཕྱོགས་གཉིས་ཀྱི་ཚོང་དོན་གྲོས་མོལ་ལ་གྲུབ་འབྲས་ཤིག་འཐོབ་ཐུབ་པའི་གོ་སྐབས་ཆེན་པོ་ཡོད་མོད། འོན་ཀྱང་རྒྱ་ནག་གིས་མོས་མཐུན་བྱས་ཟིན་པའི་འབྲུ་དོན་ཁག་ལ་བཅོས་སྒྱུར་བྱེད་ཀྱི་ཡོད་པ་དང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་རྒྱུའི་སྡིགས་ར་སྐུལ་བཞིན་ཡོད་པས་ཕྱོགས་གཉིས་ཀྱི་ཚོང་དོན་གྲོས་མོལ་རྒྱུན་འཁྱོངས་ཐུབ་རྒྱུ་དཀའ་བར་སྣང་། ཉམས་ཞིབ་པ་ཚོས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་དོན་གྲོས་མོལ་འདི་ལོ་དང་ཟླ་བར་ནར་འགྱངས་སོང་ན་རྒྱ་ནག་དང་ཨ་མི་རི་ཀ འཛམ་གླིང་སྤྱིའི་དཔལ་འབྱོར་དང་ཚོང་ལས་ཉམས་རྒུད་འགྲོ་སྲིད་པའི་ཉེན་ཀ་ཡོད་ཟེར་གྱི་ཡོད་ཀྱང་ཉམས་ཞིབ་པ་ཁག་ཅིག་གིས་རྒྱ་ནག་གི་ལངས་ཕྱོགས་ལ་འགྱུར་བ་ཐེབས་མི་སྲིད། ཁོ་ཚོས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་རྒྱུ་ཡིན་ཞེས་ཁས་ལན་སྡིགས་ར་བསྐུལ་པ་ཙམ་ཡིན། ཌོ་ནལ་ཊོམ་གྱིས་ཨ་མི་རི་ཀའི་མི་དམངས་དཀྱུས་མ་ཚོར་གནོད་པའི་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་མི་ཕོད། རྒྱ་ནག་གཞུང་གིས་སྲིད་འཛིན་ཌོ་ནལ་ཊམ་ལ་སྒོ་ཁྲལ་སྤར་ཐུབ་རྒྱུའི་བློ་ཁོག་མེད་པའི་ཁོག་རྩིས་རྒྱག་གི་འདུག ཌོ་ནལ་ཊམ་གྱིས་ངེས་པར་དུ་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ནས་ལངས་ཕྱོགས་མཁྲེགས་པོ་འཛིན་དགོས་ཞེས་ནན་བརྗོད་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG