ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༥/༠༤/༡༨

ཞིན་ཅང་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

དེ་རིང་སྤྱི་ཟླ་ལྔ་བའི་ཚེས་གཉིས་ཀྱི་ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྒྲིག་འཛུགས་ཆེ་ཤོས་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པའི་སྙན་ཐོ་ཞིག་བཏོན་ཡོད་པའི་ནང་དུ་ཤར་ཏུར་ཀི་སི་ཐན་ཏེ། རྒྱ་ནག་གིས་ཞིན་ཅང་ཞེས་འབོད་པའི་ས་ཁུལ་དེའི་ཡུ་གུར་བ་ཚོར་མི་རེ་རེའི་ལག་འཛིན་ཁ་པར་བརྒྱུད་ནས་དོ་བདག་གི་འགྲོ་འདུག་ལ་ཁྲིམས་འགལ་ཐོག་ཏུ་ལྐོག་ལྟ་བྱེད་པའམ། མི་མང་པོ་ཞིག་འཛིན་བཟུང་བྱེད་ཀྱི་ཡོད་པའི་གནས་ཚུལ་འཁོད་འདུག

འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་བཏོན་པའི་སྙན་ཐོ་དེར་ཁྱོན་བསྡོམས་ཤོག་ངོས་༦༨་ཡོད་པ་དང་སྙན་ཐོ་དེའི་ཁ་བྱང་ལ་རྒྱ་ནག་གི་གདུག་རྩུབ་ཆེ་བའི་སྲིད་ཇུས་ལག་བསྟར་བྱ་ཐབས་ཏེ། ཞིན་ཅང་གི་ཉེན་རྟོག་པས་ཁྱབ་རྒྱ་ཆེན་པོས་ཁ་པར་བརྒྱུད་ནས་མི་ལ་སྟངས་འཛིན་བྱེད་སྟངས་ཞེས་འཁོད། སྙན་ཐོ་དེའི་དངོས་གཞིའི་ནང་དོན་དེར་འཁོད་ཡོད་པ་ལྟར་ན་སྤྱི་ལོི་༢༠༡༨་ལོའི་སྤྱི་ཟླ་དང་པོི་ནས་སྤྱི་ལོ་༢༠༡༩་ལོའི་སྤྱི་ཟླ་༢་པའི་བར་དུ་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་ཞིན་ཅང་ས་ཁུལ་གྱི་ཉེན་རྟོག་པས་བེད་སྤྱོད་གཏོང་བཞིན་པའི་ཆེད་སྤྱོད་ཀྱི་ཁ་པར་མཉེན་ཆས་ཤིག་ལ་བརྟག་དཔྱད་བྱས་ཏེ་མཉེན་ཆས་དེས་གཅིག་གྱུར་གྱིས་ཞིན་ཅང་ས་ཁུལ་གྱི་བེད་སྤྱོད་མཁན་མི་རེ་རེའི་སྒེར་གྱི་གནས་ཚུལ་མང་པོི་གསོག་ཉར་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་རེད།

འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་རྒྱ་ནག་སྐོར་གྱི་ཉམས་ཞིབ་སྡེ་ཚན་གྱི་ཉམས་ཞིབ་པ་ཝང་སུང་ལན་གྱིས་བརྗོད་པ་ལྟར་ན་ཁོ་ཚོས་ཞིབ་འཇུག་བྱས་ཏེ་ཐེངས་དང་པོར་ཁུངས་སྐྱེལ་ར་སྤྲོད་བྱུང་ཡོད་པ་ནི་ཞིན་ཅང་གི་ཉེན་རྟོག་པ་ཚིས་མི་རྣམས་ཀྱི་ཁྲིམས་མཐུན་གྱི་འགྲོ་འདུག་སྤྱོད་གསུམ་གྱི་གནས་ཚུལ་རྣམས་ཁྲིམས་འགལ་གྱི་སྒོ་ནས་ལྐོག་ཏུ་བསྡུ་ལེན་བྱེད་ཀྱི་ཡོད་པ་དང་། ཁྲིམས་འགལ་གྱིས་བསྡུ་ལེན་བྱས་པའི་གནས་ཚུལ་འདི་དག་བེད་སྤྱད་ནས་མི་རྣམས་ལ་སྟངས་འཛིན་བྱ་ཐབས་བྱེད་ཀྱི་ཡོད་པ་རེད་ཅེས་བཀོད། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བའི་འགྲོ་འདུག་སྤྱོད་གསུམ་གྱི་གནས་ཚུལ་རེ་རེ་བཞིན་ལྟ་རྟོག་བྱེད་ཀྱི་ཡོད་པ་དང་། ཁོ་ཚོས་དོགས་པ་བྱ་ས་རེ་བྱུང་ན་མི་དེར་དམིགས་བསལ་གྱིས་སྟངས་འཛིན་དང་ཞིབ་འཇུག་ནན་མོི་བྱེད་ཀྱི་ཡོད་པ་རེད་ཅེས་བཤད་འདུག

གཞན་ཡང་སྙན་ཐོ་དེའི་ནང་འཁོད་ཡོད་པ་ལྟར་ན་ཞིན་ཅང་དུ་ཡོད་པའི་རྒྱ་ནག་གི་ས་གནས་གཞུང་གིས་མི་རེ་རེའི་གནས་ཚུལ་རིགས་འདྲ་མིན་བསྡུ་གསོག་བྱེད་ཀྱི་ཡོད་པ་སྟེ། དཔེར་ན་མི་གང་རུང་གི་ཁྲག་རིགས་གང་ལ་གཏོགས་མིན་དང་གཟུགས་པོའི་རིང་ཚད་ཅི་ཙམ་ཡོད་མེད། མི་དེ་དག་གི་ཆོས་ལུགས་དད་མོས་ལ་བཟུང་བའི་རྣམ་འགྱུར་དང་ཆབ་སྲིད་ཀྱི་ལངས་ཕྱོགས་ཅི་ལྟ་བུ་ཞིག་ཡིན་མིན་སོགས་ཀྱི་གནས་ཚུལ་ཉར་འཛིན་བྱེད་ཡོད་པར་མ་ཟད། ཐ་ན་དུས་ཡུན་ཅི་ཙམ་ག་འཆམ་རིང་ལ་ཁ་པར་བེད་སྤྱོད་མི་གཏོང་མཁན་དང་ཁྱིམ་མཚེས་དང་གྲོང་ཚོའི་མི་ལ་འབྲེལ་འདྲིས་ཆེན་པོ་མི་བྱེད་མཁན། ཁ་ཆེའི་ལྷ་ཁང་གི་ཆེད་དུ་དངུལ་དང་དངོས་པོའི་ཞལ་འདེབས་འབུལ་རྒྱུར་དགའ་མཁན་སོགས་འགྲོ་གནས་སྟངས་མི་འདྲ་བའི་མིའི་རིགས་སུམ་བཅུ་སོ་གྲངས་ལ་དབྱེ་བ་ཕྱེས་ཏེ་དམིགས་སུ་བཀར་ནས་ལྟ་རྟོག་བྱེད་ཀྱི་ཡོད་པ་རེད།

ད་དུང་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་སྡོམ་ཚིག་ཤིག་འཁོད་ཡོད་པ་ནི་རྒྱ་ནག་གཞུང་ཕྱོགས་ནས་གཅིག་གྱུར་གྱིས་ཞིན་ཅང་གི་མི་རེ་རེར་ལྟ་རྟོག་དང་སྟངས་འཛིན་བྱ་ཐབས་ཀྱི་གྲས་སུ་ཁ་པར་བརྒྱུད་ནས་མྱུལ་ཞིབ་བྱེད་པ་དང་། རླངས་འཁོར་དང་ཐོབ་ཐང་ལག་འཁྱེར་བརྒྱུད་ནས་ལྟ་རྟོག་བྱེད་པ་སོགས་ཕྱོགས་མང་པོ་ནས་སྟངས་འཛིན་བྱེད་ཀྱི་ཡོད་པས། ཐ་ན་མི་རེ་རེས་གློག་ཅི་ལྟར་བེད་སྤྱོད་གཏོང་གི་ཡོད་མེད་དང་རླངས་འཁོར་དུ་སྣུམ་ཅི་ཙམ་ལྡུག་གི་ཡོད་མེད་ཀྱང་ཤེས་རྟོགས་བྱེད་ཐུབ་ཀྱི་ཡོད་པ་རེད།

ཞིན་ཅང་དུ་བཀག་ཉར་བྱས་མྱོང་བའི་མི་ཞིག་གིས་འགྲོ་བ་མིའི་ལྟ་རྟོག་ཚོགས་པར་འགྲེལ་བཤད་བྱས་ཡོད་པ་ལྟར་ན་ཁོ་པ་བཀག་ཉར་ཁང་ནས་གློད་གྲོལ་བཏང་བའི་རྗེས་སུ་ཚོང་ཁྲོམ་ཆེན་པོ་ཞིག་གི་ནང་དུ་འཛུལ་སྐབས་གློ་བུར་དུ་གློག་བརྡ་དམར་སེར་བརྒྱབ་ནས་ཉེན་བརྡ་གྲགས་པ་དང་། སྐབས་དེར་ཁོ་པ་ཉེན་རྟོག་པ་འཛིན་བཟུང་བྱས་ནས་ཉེན་རྟོག་ཁང་དུ་ཁྲིད་ཅིང་། ཁོ་པས་ཉེན་རྟོག་པར་ང་ནི་བཀག་ཉར་ཁང་ནས་གློད་གྲོལ་བྱུང་མ་ཐག་ཡིན་པས་ཁྱོད་ཀྱིས་ང་ལ་ཉེས་པ་མི་འདུག་ཅེས་བཤད་མ་སོང་ངམ་ཞེས་བཤད་ཀྱང་ཉེན་རྟོག་པས་ད་ནས་བཟུང་ཁྱོད་སྤྱི་པའི་ས་གནས་སུ་འགྲོ་སྐྱོད་མི་ཆོག་ཅེས་བཤད་འདུག་པའི་གནས་ཚུལ་ཀྱང་སྙན་ཐོ་དེར་འཁོད་འདུག

XS
SM
MD
LG