ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

༧གོང་ས་མཆོག་གིས་ཉི་ཧོང་གི་གོང་མར་འཚམས་འདྲི།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཕྱི་ཟླ་༥་པའི་ཚེས་༡་ཉིན་ཉི་ཧོང་གི་གོང་མ་གསར་པ་ན་རུ་ཧི་ཏོའི་ཁྲི་སྟོན་མཛད་སྒོ་ཚོགས་ནས་ཧེ་སིའི་ཁྲི་ལོ་མཇུག་བསྒྲིལ་པ་དང་རཱེ་ཝའི་ཁྲི་ལོ་འགོ་ཚུགས། དེ་རིང་གི་ཁྲི་སྟོན་མཛད་སྒོའི་ཐོག་ཏུ་གོང་མ་གསར་པ་ན་རུ་ཧི་ཏོས་གསུང་བཤད་མདོར་བསྡུས་ཤིག་གནང་ཡོད་པ་དེར་འཁོད་པ་ལྟར་ན་ཁོང་གིས་ཡབ་ཆེན་གོང་མ་ཁྲི་ཟུར་ཨ་ཀི་ཧི་ཏོའི་ཞབས་རྗེས་འབྲངས་ནས་ཉི་ཧོང་གི་གོང་མ་རིམ་པའི་མཛད་པ་བསྐྱང་ཐབས་བྱ་རྒྱུ་དང་། ཁོ་བོས་རང་ཉིད་ཡར་རྒྱས་གཏོང་ཐུབ་པའི་འབད་བརྩོན་བྱ་རྒྱུ་ཡིན་ཞེས་རྒྱལ་ཡོངས་བརྙན་འཕྲིན་ཐོག་ཏུ་གསུང་བཤད་གནང་འདུག

ཉི་ཧོང་གི་གོང་མ་གསར་པའི་ཁྲི་སྟོན་མཛད་སྒོར་འཛམ་གླིང་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམ་པས་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་བཞིན་ཡོད་པ་ལྟར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཀྱང་གསུང་འཕྲིན་ཞིག་བསྩལ་ཏེ། མི་རྗེ་ན་རུ་ཧི་ཏོ་གང་ཉིད་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ཉི་ཧོང་གོང་མའི་ཁྲི་ལ་ཕེབས་ཏེ་རཱེ་ཝའི་ཁྲི་ལོ་གསར་པ་འགོ་ཚུགས་པར་ངོས་ནས་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན། མི་རྗེ་གང་ཉིད་ཀྱི་ཡབ་ཆེན་གོང་མ་ཁྲི་ཟུར་མཆོག་གིས་ཆབ་འབངས་བྱམས་ཀྱིས་བསྐྱངས་ནས་རྒྱལ་ཁབ་དང་མི་དམངས་ཀྱི་སྤྱི་དོན་ཁུར་དུ་བླངས་པའི་མཛད་པ་ཁག་གང་ཉིད་ཀྱིས་རྒྱུན་འཁྱོངས་གནང་རྒྱུའི་སྙིང་སྟོབས་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན།།

འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ཉི་ཧོང་རྒྱལ་ཁབ་དང་མི་དམངས་རྣམས་དམག་འཁྲུག་གི་ཐལ་བའི་ཁྲོད་ནས་བསྐྱར་དུ་ལངས་ཐུབ་པའི་དཀའ་སྤྱད་སྡུག་རུས་ལ་གུས་ཞབས་ཆེན་པོ་ཡོད། དམག་འཁྲུག་གཞུག་གི་ལོ་ངོ་དེ་དག་གི་ནང་དུའང་ཉི་ཧོང་ལ་སྔོན་ཆད་བྱུང་མྱོང་མེད་པའི་རང་བྱུང་གོད་ཆག་རབ་དང་རིམ་པ་ཞིག་བྱུང་ཡོད། ཡིན་ནའང་ཉི་ཧོང་མི་དམངས་ཀྱི་སྙིང་སྟོབས་དང་ལས་ལ་བརྩོན་པའི་རང་གཤིས་ཀྱིས་དཀའ་ངལ་དེ་དག་ལས་གྲོལ་ཐུབ་ཡོད་ཅིང་། འདི་ནི་༢༠༡༡་ལོར་ཉི་ཧོང་ལ་མཚོ་སྐྱོམ་བྱུང་སྟེ་གནོད་འཚེ་ཕོག་ཡུལ་ཁག་ཏུ་ངོས་རང་བསྐྱོད་རྒྱུའི་གོ་སྐབས་བྱུང་བ་དེའི་སྐབས་སུ་དངོས་སུ་མཐོང་ཐོས་བྱུང་། ངོས་ནས་ས་གནས་དེའི་གོད་ཆག་མྱོང་བའི་མི་མང་ཚོར་ཐུག་འཕྲད་དང་འདས་པོ་རྣམས་ཀྱི་ཆེད་དུ་བསྔོ་སྨོན་བྱས་ཡོད།

འདས་པའི་ལོ་༥༠་ལྷག་གི་རིང་དེར་ངོས་རང་ཉི་ཧོང་ལ་རྒྱུན་དུ་བཅར་ནས་འགྲོ་བ་མིའི་གཞི་རྩའི་བཟང་སྤྱོད་བྱམས་བརྩེ་དར་སྤེལ་དང་ཆོས་ལུགས་མཐུན་སྒྲིལ་ཡོང་བའི་འབད་བརྩོན་བྱས་པར་ཉི་ཧོང་མི་དམངས་མཆོག་དམར་བར་གསུམ་གྱིས་རྗེས་སུ་ཡི་རང་དང་དོ་སྣང་གནང་བར་དགའ་སྒོམ་ཆེན་པོ་ཡོད།

མཐར་མི་རྗེ་གང་ཉིད་ཀྱི་མཛད་འཕྲིན་རྒྱས་ཤིང་ཉི་ཧོང་མི་དམངས་ལ་བདེ་སྐྱིད་ལྡན་པ། རཱེ་ཝ་ཁྲི་ལོ་གསར་པས་འཛམ་གླིང་འདིར་སྔར་ལས་ལྷག་པའི་ཞི་བདེ་དང་བྱམས་བརྩེ་དར་སྤེལ་གྱི་ལེགས་སྐྱེས་འབུལ་ཐུབ་པའི་ཐུགས་སྨོན་ཡོད་ཅེས་༧གོང་ས་མཆོག་གི་ཉི་ཧོང་གི་གོང་མར་གསར་པར་བསྩལ་བའི་གསུང་འཕྲིན་དེར་འཁོད་འདུག

ཉི་ཧོང་གི་གོང་མ་རིམ་པར་ལོ་༡༥༠༠་ལྷག་གི་ལོ་རྒྱུས་ཡོད་པ་དང་གོང་མ་གསར་པ་ན་རུ་ཧི་ཏོ་ནི་ཉི་ཧོང་གི་གོང་མ་༡༢༦་པ་དེར་གྱུར་ཡོད་པར་མ་ཟད། འདས་པའི་ལོ་༢༠༠་ལྷག་གི་རིང་ལ་ཉི་ཧོང་གི་གོང་མ་ཞིག་ཁྲི་བཤོལ་གནང་མྱོང་མེད་ཅིང་། ཁ་སང་ཕྱི་ཟླ་༤་ཚེས་༣༠་ཉིན་གོང་མ་ཁྲི་ཟུར་ཨ་ཀི་ཧི་ཏོའི་ཧེ་སེའི་ཁྲི་ལོ་མཇུག་བསྒྲིལ་རུང་ཉི་ཧོང་མི་དམངས་ཀྱིས་གོང་མ་ཁྲི་ཟུར་དེར་ཧ་ཅང་གི་དགའ་མོས་བྱེད་ཀྱི་ཡོད་པ་དང་༡༩༨༩་ནས་གོང་མ་ཨ་ཀི་ཧི་ཏོས་ཉི་ཧོང་གི་གོང་མའི་ཁྲི་བསྐྱངས་ཡོད་པ་རེད།

ད་ལྟ་དགུང་ལོ་༥༩་ལ་ཕེབས་པའི་ཉི་ཧོང་གི་གོང་མ་གསར་པ་ན་རུ་ཧི་ཏོ་ནི་༡༩༦༠་ཐམ་པའི་ལོར་འཁྲུངས་པ་དང་དབྱིན་ཇིའི་ཨོཀ་སི་ཧྥོར་ཌི་སློབ་ཆེན་འགྲིམས། ༡༩༩༣་ལོར་ཧ་ཝྭར་ཌི་སློབ་ཆེན་ཐོན་པའི་མི་དམངས་དཀྱུས་མའི་བུ་མོ་མ་ས་ཀོ་བཙུན་མོར་ཁབ་ཏུ་བཞེས། ཉི་ཧོང་གི་གོང་མ་གསར་པ་གཏན་ཞལ་གཉིས་ལ་༢༠༠༡་ལོར་འཁྲུངས་པའི་སྲས་མོ་ཨི་ཀོ་གཅིག་པུ་ལས་མེད། ད་ལྟའི་ཉི་ཧོང་གི་ཁྲིམས་ལུགས་ལྟར་ན་སྲས་མོ་ཨི་ཀོ་ཉི་ཧོང་གོང་མའི་ཁྲི་ལ་ཕེབས་ཆོག་གི་མེད་པས་གོང་མ་ན་རུ་ཧི་ཏོའི་གཅུང་པོ་ཉི་ཧོང་གི་གོང་མའི་ཁྲི་འཛིན་གྱི་བང་རིམ་དེར་སླེབས་ཡོད་པ་རེད།།

༡༩༨༩་ལོར་གོང་མ་ཧི་རོ་ཧི་ཏོ་དགོངས་པ་རྫོགས་ནས་གོང་མ་གསར་པ་ཨ་ཀི་ཧི་ཏོ་ཉི་ཧོང་གི་གོང་མའི་ཁྲི་ལ་ཕེབས། སྐབས་དེར་ཉི་ཧོང་མི་དམངས་ཀྱིས་ཡབ་ཆེན་གོང་མ་མཆོག་ལ་མྱ་ངན་བྱས་ནས་དགའ་སྟོན་གཟབ་རྒྱས་ཤིག་བྱེད་ཐུབ། ད་ལོ་ཉི་ཧོང་རྒྱལ་ཡོངས་སུ་ཉི་མ་བཅུའི་གུང་སེང་བཏང་ནས་ཉི་ཧོང་མི་དམངས་ཀྱིས་གོང་མ་གསར་པའི་ཁྲི་སྟོན་མཛད་སྒོར་དགའ་སྟོན་བྱེད་ཀྱི་ཡོད་པ་སྟེ། ཉི་ཧོང་བ་ཚོ་གུང་སེང་ལ་སྐྱོད་པ་དང་གློག་བརྙན་ལ་བལྟ་རུ་འགྲོ་བ། སྤྱི་གླིང་ཁག་ཏུ་གླིང་ཀ་གཏོང་བ་དང་རང་ཁྱིམ་དུ་བསྡད་ནས་བག་ཡངས་སུ་བརྙན་འཕྲིན་ལ་བལྟ་བ་བཅས་ཉི་ཧོང་གི་སྤྱི་ཚོགས་སུ་ཐོབ་དཀའ་བའི་ཉིན་བཅུའི་གུང་སེང་ཞིག་ཐོབ།

འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ཉི་ཧོང་གི་རྩ་ཁྲིམས་ལ་སྒྱུར་བཅོས་བཏང་ནས་གོང་མའི་སྲིད་དབང་མེད་པར་བཏང་བ་དང་ཉི་ཧོང་རྒྱལ་ཁབ་ཀྱིས་རང་སྲུང་གི་དམག་དཔུང་ཞིག་ལས་ཉར་འཛིན་མི་ཆོག་པ། ཉི་ཧོང་གཞུང་གིས་ཕྱི་ལ་དམག་དཔུང་གཏོང་མི་ཆོག་པ་དང་ཨ་མི་རི་ཀས་ཉི་ཧོང་གི་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུ། ཉི་ཧོང་ལ་གྲོས་ཚོགས་ཀྱིས་ཆབ་སྲིད་སྐྱོང་བའི་ལམ་ལུགས་ཤིག་གསར་གཏོད་བྱས་ནས་སྲིད་བློན་ལ་རྒྱལ་ཁབ་འཛིན་སྐྱོང་གི་སྐུ་དབང་སྤྲོད་དགོས་པའི་ཐག་གཅོད་བྱུང་སྟེ། གོང་མའི་ཕོ་བྲང་ལ་ཉི་ཧོང་གི་ལོ་རྒྱུས་དང་མི་དམངས། རྒྱལ་ཁབ་ཀྱི་ཚབ་མཚོན་ཙམ་གྱི་གོ་གནས་ལས་མེད་ཀྱང་ཉི་ཧོང་གི་གོང་མ་རྣམས་རྒྱལ་ཁབ་ཀྱིི་མཚན་ཐོག་ཏུ་ཕྱིའི་རྒྱལ་ཁབ་ཁག་ལ་འཚམས་འདྲིར་ཕེབས་པའམ། ཡང་ན་ཉི་ཧོང་ལ་འཚམས་འདྲིར་ཕེབས་པའི་ཕྱི་རྒྱལ་གྱི་འགོ་ཁྲིད་ཚོར་ཐུག་འཕྲད་དང་སྣེ་ལེན་ཞུ་བ་སོགས་ཀྱི་ལས་འགན་བསྒྲུབས་ཡོད་པ་རེད།།

XS
SM
MD
LG