ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༥/༠༣/༢༡

ཀིམ་ཇུང་ཨུན་དང་ཕུ་ཀྲིན་གྱི་ཐུག་འཕྲད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ཡུན་རིང་མི་འགྱངས་པར་ཨུ་རུ་སུར་འཚམས་འདྲིར་བསྐྱོད་ནས་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་ལ་ཐུག་འཕྲད་བྱ་རྒྱུའི་ཐག་གཅོད་བྱུང་ཡོད་ཅེས་བྱང་ཀོ་རི་ཡའི་དབུས་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་འདུག ད་སྔ་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་དང་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་གཉིས་དུས་ནམ་ཞིག་ལ་ཐུག་འཕྲད་བྱ་རྒྱུ་ཡིན་མིན་དང་ཐུག་འཕྲད་བྱ་ཡུལ་ཨུ་རུ་སུའི་ས་གནས་གང་དུ་ཡིན་མིན་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་འཁོད་མེད་ཀྱང་བྱང་ཀོ་རི་ཡའི་དབུས་གསར་འགྱུར་ལས་ཁང་གིས་མི་འགྱངས་བར་ཕྱོགས་གཉིས་ཀྱི་འགོ་ཁྲིད་རྣམ་གཉིས་མྱུར་དུ་ཐུག་འཕྲད་བྱ་རྒྱུ་ཡིན་ཅེས་བརྗོད་ཡོད་པས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཆེས་མཐོའི་འགོ་ཁྲིད་གཉིས་ཀྱི་ཐུག་འཕྲད་གྲོས་མོལ་ནི་ཟླ་མཇུག་འདིར་བྱ་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

ལྷོ་ཀོ་རི་ཡའི་མཉམ་འབྲེལ་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན་བྱང་ཀོ་རིའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱི་ལག་རོགས་གཙོ་བོ་ཀིམ་ཇུང་སུང་གིས་བདུན་ཕྲག་སྔོན་མའི་གཟའ་ཉི་མའི་ཉིན་ཨུ་རུ་སུའི་ཤར་མཐར་ཆགས་པའི་ཝྭ་ལ་ཌི་ཝྭོ་སི་ཊོཀ་གྲོང་ཁྱེར་དུ་འགོ་ཁྲིད་རྣམ་གཉིས་ཐུག་འཕྲད་བྱ་འཆར་ཡོད་ཅེས་བཤད་ཡོད་ཅིང་། ཨུ་རུ་སུའི་གསར་འགྱུར་ལས་ཁང་གིས་ཕྱི་ཟླ་༤་ཚེས་༢༥་སྟེ། གཟའ་ཕུར་བུའི་ཉིན་སྲིད་འཛིན་ཕུ་ཀྲིན་དང་ཀིམ་ཇུང་ཨུན་གཉིས་ཝྭ་ལ་ཌི་ཝྭོ་སི་ཊོཀ་གྲོང་ཁྱེར་དུ་ཐུག་འཕྲད་བྱ་ཡོད། ཨུ་རུ་སུའི་ཤར་མཐར་ཆགས་པའི་ཝྭ་ལ་ཌི་ཝྭོ་སི་ཊོཀ་གྲོང་ཁྱེར་ནི་ཨུ་རུ་སུ་དང་བྱང་ཀོ་རི་ཡ། རྒྱ་ནག་བཅས་རྒྱལ་ཁབ་གསུམ་གྱི་འབྲེལ་མཚམས་སུ་ཆགས་ཡོད། ཁ་སང་གཟའ་ཟླ་བའི་ཉིན་བྱང་ཀོ་རི་ཡར་ཆེད་དུ་ཞིབ་འཇུག་བྱེད་མཁན་གྱི་སྡེ་ཚན་བྱང་ཀོ་རི་ཡའི་གསར་འགྱུར་ཞེས་པའི་དྲྭ་ཚིགས་སུའང་ཝྭ་ལ་ཊི་ཝྭོ་སི་ཊོཀ་གྲོང་ཁྱེར་གྱི་འདྲ་པར་མང་པོ་འཁོད་ཡོད་པར་མ་ཟད། ཐེངས་འདིའི་འགོ་ཁྲིད་གཉིས་ཀྱི་ཐུག་འཕྲད་གྲོས་མོལ་ཨུ་རུ་སུའི་གྲོང་ཁྱེར་དེའི་རྒྱང་ཤར་སློབ་གྲྭ་ཆེན་མོར་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་པ་དང་། ལས་རྩོལ་བ་ཚོས་བྱང་ཀོ་རི་ཡ་དང་ཨུ་རུ་སུའི་རྒྱལ་དར་འཛུགས་བཞིན་ཡོད་པ་སོགས་ཀྱི་གནས་ཚུལ་སྤེལ་འདུག

གཞན་ཡང་ཀིམ་ཅུང་ཨུན་ཐེངས་འདིར་ཨུ་རུ་སུར་རྒྱལ་དོན་འཚམས་འདྲིར་འགྲོ་རྒྱུའི་དམིགས་ཡུལ་ནི་ཨུ་རུ་སུའི་ཕྱོགས་ནས་བྱང་ཀོ་རི་ཡར་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུའི་ཐད་དུ་རྒྱབ་སྐྱོར་དང་རོགས་རམ་ཐོབ་ཐབས་ཀྱི་ཆེད་དུ་ཡིན་ཞིང་། ལྷག་པར་དུ་ད་ལོའི་སྤྱི་ཟླ་༢་པའི་ནང་དུ་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་ཀྱིས་ཝྭི་ཏེ་ནམ་གྱི་རྒྱལ་སར་ཐུག་འཕྲད་གྲོས་མོལ་བྱས་པར་ལམ་ལྷོངས་མ་བྱུང་བའི་རྗེས་སུ་བྱང་ཀོ་རི་ཡས་མུ་མཐུད་དུ་རྒྱལ་ཁབ་གཞན་གྱི་རོགས་རམ་འཚོལ་ཐབས་ལ་འབད་བརྩོན་བྱེད་ཀྱི་ཡོད་པ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་སྟེ། དེ་སྔོན་ཨ་རི་དང་བྱང་ཀོ་རི་ཡའི་འགོ་ཁྲིད་གཉིས་ཀྱི་ཐུག་འཕྲད་གྲོས་མོལ་ལ་ལམ་ལྷོངས་མ་བྱུང་བའི་རྗེས་སུ་བྱང་ཀོ་རི་ཡའི་འགོ་ཁྲིད་ཀྱིས་ཨ་རིའི་སྲིད་འཛིན་དང་ཐུག་འཕྲད་གྲོས་མོལ་ཐེངས་གསུམ་པ་ཞིག་བྱ་རྒྱུའི་རེ་འདུན་བཏོན། ཨ་རིའི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་ཇཱོན་བྷོལ་ཊོན་གྱིས་གལ་སྲིད་ཆེས་མཐོའི་འགོ་ཁྲིད་གཉིས་ཐུག་འཕྲད་གྲོས་མོལ་ཐེངས་གསུམ་པ་ཞིག་བྱ་ཚེ། བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གྱིས་རྡུལ་ཕྲན་མཚོན་ཆ་རྩ་མེད་བཟོ་རྒྱུར་ཡིད་ཆེས་འཕེར་བའི་སྲིད་ཇུས་ཤིག་ལག་ལེན་བསྟར་ནས་བདེན་དཔང་བྱ་ཐུབ་པ་དང་། རྒྱལ་སྤྱིའི་རྟོག་ཞིབ་པ་ཚོས་ཞིབ་འཇུག་བྱེད་ཆོག་པ་ཞིག་བྱ་དགོས་ཞེས་རེ་འདུན་བཏོན།

བྱང་ཀོ་རི་ཡས་ཨ་རིའི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་བྷོལ་ཊོན་ནི་བྱང་ཀོ་རི་ཡའི་ལས་དོན་ཐག་གཅོད་བྱེད་པར་མིག་རྒྱང་ཐུང་ཞིང་ལྟ་ཚུལ་གསར་པ་མེད་པའི་མི་ཞིག་རེད་ཅེས་སྐྱོན་བརྗོད་བྱས་འདུག ད་ལྟ་བྱང་ཀོ་རི་ཡས་ཨ་རིར་འབྲེལ་བ་ཡག་པོ་ཞིག་འཛུགས་མ་ཐུབ་པའི་གནས་སྟངས་འོག་ཏུ་བྱང་ཀོ་རི་ཡས་ཨུ་རུ་སུར་འབྲེལ་བ་འཛུགས་ཐབས་བྱེད་ཀྱི་ཡོད་ཀྱང་འབྲེལ་ཡོད་དཔྱད་བརྗོད་པ་ཚོས་ཐེངས་འདིའི་གྲོས་མོལ་ལ་དམིགས་བསལ་གྱི་གྲུབ་འབྲས་ཅི་ཡང་འཐོན་རྒྱུ་མིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་སྟེ། བྱང་ཀོ་རི་ཡའི་དཀའ་ངལ་ནི་དཔལ་འབྱོར་གྱི་དཀའ་ངལ་ཡིན་པ་དང་། ད་ཐེངས་གི་གྲོས་མོལ་འདི་བརྒྱུད་ནས་བྱང་ཀོ་རི་ཡར་རྒྱལ་སྤྱིའི་སྟེང་དུ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཡོད་པ་ལྷོད་ཡངས་གཏོང་ཐབས། ཁོ་ཚོར་དཔལ་འབྱོར་གྱི་སྐྱོབ་གསོ་འཐོབ་ཐབས་ཡིན་ཞིང་། ད་སྔ་ཨུ་རུ་སུའི་གཞུང་གིས་བྱང་ཀོ་རི་ཡ་ནི་ཡིད་ཆེས་བློ་འགེལ་བྱ་ས་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད་ཅིང་། ཁོ་ཚོས་ཡིད་ཆེས་མེད་སའི་རྒྱལ་ཁབ་ཞིག་ལ་དཔལ་འབྱོར་གྱི་འགྲོ་སོང་མང་པོ་གཏོང་མི་སྲིད། ཨུ་རུ་སུ་ཡང་ཁེ་རི་མཱི་ཡའི་གནད་དོན་ཐོག་ཏུ་རྒྱལ་སྤྱིའི་ཉེས་ཆད་འཁུར་བཞིན་པའི་རྒྱལ་ཁབ་ཅིག་ཡིན་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཏོན་པའི་བྱང་ཀོ་རི་ཡའི་དཔལ་འབྱོར་ཉེས་ཆད་ཀྱི་སྒྲིག་སྲོལ་ལ་འགལ་མི་ཐུབ། ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་གྱི་དམིགས་ཡུལ་ནི་ཨ་རི་དང་ལྷོ་ཀོ་རི་ཡར་རྣམ་འགྱུར་ཞིག་སྟོན་ཐབས་ལས་བྱང་ཀོ་རི་ཡའི་དཔལ་འབྱོར་གྱི་དཀའ་ངལ་སེལ་ཐབས་ཀྱི་ཆེད་དུ་མིན་ཞེས་ཉམས་ཞིབ་པ་ཚོས་དཔྱད་བརྗོད་སྤེལ་འདུག

XS
SM
MD
LG