ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་མོ་ཞིག་ཨ་རིའི་ཁྲིམས་ལ་འགལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨ་རིར་ཡོད་པའི་རྒྱ་ནག་གི་མཁའ་འགྲུལ་བཟོ་ཚོང་ཁང་གི་སྤྱི་གཉེར་བ་ལིན་ཡྰིས་ཟེར་བ་ཞིག་གིས་ཨ་རིའི་ཁྲིམས་འཛིན་ལས་ཁུངས་ཀྱི་ཆོག་མཆན་མ་བརྒྱུད་པར་གསང་བའི་ཐོག་ཨ་རིའི་ནང་དུ་རྒྱ་ནག་གཞུང་གི་ལས་ཀ་བའི་ངོ་བོའི་ཐོག་ནེའུ་ཡོག་གནམ་ཐང་དུ་ཁྲིམས་འགལ་གྱི་ལས་ཀ་བྱས་པ་ཁྲིམས་ཁང་ནས་ཐེར་འདོན་དང་མོས་ཉེས་སྐྱོན་ཁས་ལེན་བྱས་པའི་གནས་ཚུལ་ཐོན་འདུག སྤྱིར་བཏང་ཨ་རིའི་ནང་མི་གང་རུང་གིས་རྒྱལ་ཁབ་གཞན་གྱི་གཞུང་འབྲེལ་ཐོག་ལས་ཀ་བྱེད་ཚེ་དེ་ལ་ཨ་རིའི་ཁྲིམས་འཛིན་ལས་ཁུངས་ལ་དམིགས་བསལ་གྱིས་ཐོ་འགོད་དང་ཆོག་མཆན་ཞུས་ཏེ་འགྲོ་ལུགས་མང་པོ་ཞིག་སྒྲུབ་དགོས་ནའང་། རྒྱ་མོ་ལིན་ཡྰིས་ཀྱིས་ཁྲིམས་མཐུན་གྱི་འགྲོ་ལུགས་ཅི་ཡང་མ་སྒྲུབ་པར་ལྐོག་ནས་ཨ་རིའི་ནང་རྒྱ་ནག་གི་སོ་ཉུལ་བའི་ཚུལ་དུ་ལས་ཀ་བྱས་ཡོད་པ་དང་། ཁ་སང་སྤྱི་ཟླ་བཞི་བའི་ཚེས་བཅུ་བདུན་ཉིན་ཨ་རིའི་ནེའུ་ཡོག་བྷི་རོ་ཁུ་ལིན་ས་ཁུལ་དུ་ཡོད་པའི་ཨ་རིའི་གཞུང་གི་ཁྲིམས་ཁང་དུ་ལིན་ཡྰིས་ཀྱིས་ད་ལྟའི་བར་དུ་རྒྱ་ནག་གཞུང་གི་མངགས་བཀོད་ལྟར་ཨ་རིའི་གནམ་ཐང་དུ་ལས་ཀ་བྱས་པ་དང་། དེ་ཡང་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་བྱས་པའི་རྒྱ་ནག་གི་འཐུས་ཚབ་དཔོན་དམག་དག་གི་བཀོད་འདོམས་དང་སྟངས་འཛིན་འོག་ཏུ་ལས་ཀ་བྱེད་ཀྱི་ཡོད་པ་སོགས་ཀྱི་གནས་ཚུལ་ཁས་ལེན་བྱས་ཡོད་པ་རེད། ལིན་ཡྰིས་ཀྱིས་ཨ་རིའི་གནམ་ཐང་དུ་སོ་སོའི་དབང་ཆ་བེད་སྤྱོད་བཏང་ནས་ཁྲིམས་མཐུན་གྱི་འགྲོ་ལུགས་མ་བརྒྱུད་པའི་ཅ་ལག་དང་དངོས་རྫས་ཀྱི་རིགས་ཨ་རིའི་ཁིན་ནིས་ཏིས་གནམ་ཐང་སོགས་ནས་རྒྱ་ནག་མཁའ་འགྲུལ་བཟོ་ཚོང་ཁང་གི་གནམ་གྲུའི་ནང་རྒྱ་ནག་ཏུ་སྐྱེལ་འདྲེན་བྱས་པའི་སྟབས་ཀྱིས་ཨ་རིའི་སྐྱེལ་འདྲེན་བདེ་འཇགས་དོ་དམ་ཁང་གི་ཁྲིམས་སྒྲིག་སྲོལ་དང་འགལ་ཏེ་མོ་ལ་ཁྲིམས་བཤེར་བྱས་པ་རེད། ཐེངས་འདིའི་ཁྲིམས་བཤེར་བརྒྱུད་ནས་མོའི་ཉེས་སྐྱོན་ཁས་ལེན་བྱས་པའི་ཐད་ཨ་རིའི་རྒྱལ་ཁབ་བདེ་འཇགས་ཐད་ཀྱི་ཞིབ་བཤེར་དཔོན་གྱི་ལས་རོགས་དང་། ནེའུ་ཡོག་ཤར་ཁུལ་གྱི་ཨ་རིའི་ཞིབ་བཤེར་དཔོན། ཨ་རིའི་དབུས་ཞིབ་གཅོད་ལས་ཁུངས་ནེའུ་ཡོག་ལས་དོན་ཁང་གི་འགན་འཛིན་དང། ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་མི་སྣ་བཅས་ནས་ཡོངས་གྲགས་ཀྱིས་གསལ་བསྒྲགས་བྱས་ཡོད་པ་རེད། ཨ་རིའི་རྒྱལ་ཁབ་བདེ་འཇགས་ཐད་ཀྱི་ཞིབ་བཤེར་དཔོན་གྱི་ལས་རོགས་ངྷས་མིར་སི་ཡིས། ཐེངས་འདིའི་གནད་དོན་ནི་རྒྱ་ནག་སྲིད་གཞུང་གིས་ཨ་རིར་ཡོད་པའི་རྒྱ་ནག་གི་བཟོ་ཚོང་ཁང་དག་གི་ལས་ཀ་བ་དག་བེད་སྤྱོད་བཏང་ནས་ཨ་རིའི་ནང་ཁྲིམས་འགལ་གྱི་ལས་ཀ་སྒྲུབ་བཞིན་པའི་མངོན་གསལ་གྱི་དཔེ་མཚོན་ཆེན་པོ་ཞིག་རེད། རྒྱ་ནག་གི་དམག་མིས་གསང་བའི་ཐོག་ནས་ཨ་རིའི་ས་ཐོག་ཏུ་ལས་ཀ་འདྲ་མིན་བྱེད་བཞིན་པ་ནི་ཁྲིམས་འགལ་རེད་ལ། རྒྱ་མོ་ལིན་ཡྰིས་དང་རྒྱ་ནག་གཞུང་གི་དམག་མིས་ཚོང་ལས་དང་ཁེ་གཉེར་གྱི་གོ་སྐབས་བཟུང་ནས་ཨ་རིའི་གཞུང་གི་ཁྲིམས་མཐུན་གྱི་ལྟ་རྟོག་ལ་གཡོལ་ཐབས་བྱས་པ་ཡང་ཁྲིམས་འགལ་རེད་ཅེས་བཤད་འདུག གཞན་ཨ་རིའི་ཞིབ་བཤེར་དཔོན་ སྦྲ་ན་ཧེ་བོ་ཡིས་ཀྱང་། རྒྱ་མི་ལིན་ཡྰིས་ཀྱིས་རྒྱ་ནག་གཞུང་གི་ལས་ཀ་བའི་མིང་ཐོག་ཏུ་རྒྱ་ནག་གི་དཔོན་རིགས་དང་དམག་མི་རྣམས་ཀྱི་དངོས་རྫས་དང་ཅ་ལག་གི་རིགས་ཨ་རིའི་ཁྲིམས་བཤེར་མི་སྣའི་ཞིབ་བཤེར་མ་བརྒྱུད་པར་ནེའུ་ཡོག་ནས་པེ་ཅིང་དུ་སྐྱེལ་འདྲེན་བྱས་ཡོད་པ་དང་། གནས་ཚུལ་འདི་ལ་བརྟེན་ནས་ང་ཚོ་ཨ་རི་ཡིས་རྒྱ་ནག་དང་དེ་ལས་གཞན་པའི་ཕྱིའི་རྒྱལ་ཁབ་ཀྱི་སྲིད་གཞུང་ལ་ལས་ཀ་བྱེད་བཞིན་པའི་མི་སྒེར་བ་དག་གི་གསང་མྱུལ་བའི་འཇིགས་ཉེན་ལ་གཟབ་ནན་གྱིས་ཁ་གཏད་གཅོག་དགོས་པ་རེད་ཅེས་དང་། ཡང་དབུས་ཞིབ་གཅོད་ལས་ཁུངས་ཀྱི་འགན་འཛིན་གྱིས་ང་ཚོས་ག་དུས་ཡིན་ཡང་རྒྱལ་ཁབ་སྲུང་སྐྱོབ་ཀྱི་ཆེད་དུ་ནུས་ཤུགས་གང་ཡོད་ཀྱིས་མངོན་སུམ་གྱིས་མཐོང་བའི་འཇིགས་སྣང་དག་ལ་ཁ་གཏད་གཅོག་གི་ཡོད་ལ། དེ་བཞིན་མངོན་སུམ་དུ་མཐོང་མི་ཐུབ་པའི་འཇིགས་སྣང་དག་ལ་དེ་བས་ཀྱང་དོ་སྣང་བྱ་དགོས་ཀྱི་འདུག་ཅེས་ཀྱང་བཤད་འདུག རྒྱ་མོ་ལིན་ཡྰིས་ཞེས་པས་སྤྱི་ལོ་ཉིས་སྟོང་གཉིས་ནས་ཉིས་སྟོང་བཅོ་ལྔ་ལོའི་བར་དུ་ཨ་རིའི་ཁིན་ནིས་ཏིས་གནམ་ཐང་དུ་ལས་ཀ་བྱས་པ་དང་། ཉིས་སྟོང་བཅོ་ལྔ་ནས་ཨ་རིའི་ནིག་བྰར་ཁི་གནམ་ཐང་དུ་ལས་ཀ་བྱས་ལ། མ་འོངས་བར་མོ་ལ་ལོ་བཅུའི་གཡས་གཡོན་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་གཅོད་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG