ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་གཞུང་གིས་སོག་པོའི་རྩོམ་པ་པོ་ཞིག་འཛིན་བཟུང་།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


སོག་པོའི་རྩོམ་པ་པོ་མིང་གྲགས་ཅན་ཨོ་སི་ཆིན་པ་ཐུར་ཉེ་ཆར་སྤྱི་ཟླ་༤་བའི་ཚེས་༡༢་ཉིན་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་འདུག་ཅེས་ལྷོ་ཕྱོགས་སོག་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་བརྡ་འཕྲིན་ཁང་ཅེས་པས་གནས་ཚུལ་སྤེལ་འདུག རྩོམ་པ་པོ་ཁོང་ཚེས་༡༢ཉིན་ནང་སོག་རང་སྐྱོང་ལྗོངས་ཁྲི་ཧྥུན་གྲོང་ཁྱེར་གྱི་ཁོངས་གཏོགས་ཁི་ཧྲི་ཁུ་ཐང་ཆྰིས་ཅེས་པའི་ས་ཁུལ་ནས་འཛིན་བཟུང་བྱས་འདུག་པ་དང་། ད་ལྟ་ཁི་ཧྲི་ཁི་ཐང་ཆྰིས་ཅེས་པའི་ས་ཁུལ་གྱི་བཀག་ཉར་ཁང་དུ་བཀག་ཉར་བྱས་ཡོད་པ་རེད། ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་ཡོད་པའི་ལྷོ་ཕྱོགས་སོག་པོའི་འགྲོ་བ་མིའི་ཐོབ་ཐང་གི་བརྡ་འཕྲིན་ཁང་གི་འགན་འཛིན་པ་ཐུའུ་ ཐོ་ཀི་ཁྲོ་ཀི་ཡིས་རྩོམ་པ་པོ་ཨོ་སི་ཆིན་པ་ཐུར་འཛིན་བཟུང་བྱས་པའི་རྒྱུ་མཚན་ཨ་རིའི་རླུང་འཕྲིན་དུ་འགྲེལ་བཤད་བྱས་ཡོད་པ་ལྟར་ན། རྒྱ་ནག་གཞུང་གིས་རང་བྱུང་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུར་ཁ་གཡར་ནས་སོག་པོའི་འབྲོག་པ་རྣམས་ལ་སོ་སོའི་རྩྭ་ས་བེད་སྤྱོད་བཏང་མི་ཆོག་པ་བཟོས་ནས་རྩྭ་སའི་སྟེང་ནོར་ལུག་འཚོ་སྐྱོང་བྱ་རྒྱུ་བཀག་སྡོམ་བྱ་རྒྱུའི་མགོ་བརྩམས་པར་ས་གནས་ཀྱི་འབྲོག་པ་རྣམས་ཀྱིས་ངོ་རྒོལ་བྱས་ཡོད་ཅིང་། སྤྱི་ཟླ་༤བའི་ཚེས་༡༢་ཉིན་སོག་པོའི་འབྲོག་པ་༢༠༠་ལྷག་གིས་ནང་སོག་རང་སྐྱོང་ལྗོངས་ཀྱི་ཏཱ་ལའི་མཚོ་ཞེས་པའི་ཉེ་འགྲམ་དུ་ཁོ་ཚོའི་རྩྭ་ས་མུ་མཐུད་ནས་སོ་སོ་རང་ཉིད་ཀྱིས་བེད་སྤྱོད་བཏང་ཆོག་པའི་བདག་དབང་རྩོད་རྒྱུའི་ཆེད་གཞུང་གི་ཐག་གཅོད་དེར་ངོ་རྒོལ་བྱས་ཡོད་པ་དང་། སྐབས་དེར་ངོ་རྒོལ་ལས་འགུལ་དེའི་ནང་མཉམ་ཞུགས་བྱེད་མཁན་གྱི་རྩོམ་པ་པོ་ཨོ་སི་ཆིན་པ་ཐུར་དང་། གཞན་མིང་ལ་པཱ་ཨར་ལྡན་ཅེས་པའི་མི་གཉིས་རྒྱ་གཞུང་གི་ས་གནས་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་རེད། དེ་ཡང་ངོ་རྒོལ་ལས་འགུལ་དེ་སྤེལ་བཞིན་པའི་སྐབས་སུ་རྩོམ་པ་པོ་ཨོ་སི་ཆིན་པ་ཐུར་གྱིས་སྐད་འཕྲིན་གྱི་ནང་དུ་འབྲོག་པ་མི་དམངས་རྩ་འཛུགས་ཀྱིས་རྩྭ་སའི་བདག་དབང་ཐད་ཀྱི་གནས་ཚུལ་བཅར་འདྲི་བྱས་པའི་སྟབས་ཀྱིས་རྒྱ་ནག་གཞུང་གིས་ཁོ་ལ་དམིགས་བསལ་གྱིས་དོ་སྣང་བྱས་ཤིང་རྒྱུ་མཚན་དེ་ལ་བརྟེན་ནས་ཁོ་རང་འཛིན་བཟུང་བྱས་པ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ལྷོ་ཕྱོགས་སོག་པོའི་འགྲོ་བ་མིའི་ཐོབ་ཐང་བརྡ་འཕྲིན་ཁང་ལ་སོག་པོའི་ས་གནས་མང་ཚོགས་ཀྱི་སར་ཁོ་གཉིས་འཛིན་བཟུང་བྱས་པའི་བརྡ་ཐོའི་ཡི་གེ་དེ་འབྱོར་ཡོད་པའི་ནང་དུ། རྒྱ་ནག་གི་ཉེས་དོན་གཏུག་བཤེར་གྱི་ཁྲིམས་ཀྱི་དོན་ཚན་བརྒྱད་བཅུ་གྱ་གཉིས་པའི་ནང་དོན་ལྟར་གཞུང་གི་ལས་དོན་བྱེད་ཕྱོགས་ལ་བཀག་རྒྱ་བཟོ་མཁན་ཡིན་པའི་དོགས་གཞིའི་འོག་ཁོ་རང་བཀག་ཉར་བྱས་པ་ཡིན་ཚུལ་བཤད་ཡོད་ནའང་། འཛིན་བཟུང་བཀའ་ཁྱབ་ཀྱི་ཡི་གེ་དེའི་ནང་དུ་ཁོ་གཉིས་དུས་ཡུན་ཅི་ཙམ་ལ་བཀག་ཉར་བྱེད་རྒྱུ་ཡིན་མིན་ཁ་གསལ་བོ་བྱས་མེད་པ་རེད། ལྷོ་ཕྱོགས་སོག་པོའི་འགྲོ་བ་མིའི་ཐོབ་ཐང་གི་བརྡ་འཕྲིན་ཁང་གི་འགན་འཛིན་པ་ཐུའུ་ ཐོ་ཀི་ཁྲོ་ཀི་ཡིས་རྩོམ་པ་པོ་ཁོ་འཛིན་བཟུང་གི་བཀའ་ཁྱབ་འདི་སྤྱིར་བཏང་གི་སྲིད་འཛིན་བཀག་ཉར་དང་འདྲ་གི་མེད་པར། རྗེས་མ་ཁྲིམས་དོན་ཞིབ་བཤེར་ཁང་གིས་སི་ཆིན་པ་ཐུར་དངོས་གཞིའི་ཁྲིམས་གཏུག་བྱེད་སྲིད་པའི་ཉེན་ཁ་འདུག་པ་དང་། ད་སྔ་ཁོང་གི་ཁྱིམ་མི་དག་གིས་ཀྱང་ཁོ་ལ་འབྲེལ་བ་བྱེད་ཐབས་མི་འདུག་ཅེས་འགྲེལ་བཤད་བྱས་འདུག ཁ་སང་སྤྱི་ཟླ་༤བའི་ཚེས་༡༦་ཉིན་ས་གནས་ཀྱི་སོག་པོའི་འབྲོག་པ་མང་ཚོགས་མི་གྲངས་༡༠༠་ལྷག་ས་གནས་སྲིད་གཞུང་གི་སྒོ་ཁར་འཛོམས་ནས་རྩོམ་པ་པོ་སི་ཆིན་པ་ཐུར་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཀྱང་ཞུས་ཡོད་པ་རེད། སོག་པོའི་རྩོམ་པ་པོ་མིང་གྲགས་ཅན་སི་ཆིན་པ་ཐུར་ནི་༡༩༥༡་ལོར་སོག་པོའི་ཁི་ཧྲི་ཁི་ཐང་ཆིས་ཅེས་པའི་ས་ཁུལ་དུ་སྐྱེས་ཤིང། ད་སྔ་ཁོས་ཁྲུང་ཁའི་སྟོན་ཁ་དང་། ལོ་དེའི་དཔྱིད་ཀའི་གང་བུ། སོག་པོའི་དམངས་ཁྲོད་རྩོམ་རིག་ཕྱོགས་བསྡུས་ཞེས་པ་སོགས་ཀྱི་དཔེ་དེབ་ཁག་ཅིག་བརྩམས་ཡོད་པ་དང་། དེ་ལས་གཞན་ཁོས་ས་གནས་སུ་དགེ་རྒན་གྱི་ཕྱག་ལས་ཀྱང་གནང་བཞིན་པ་རེད། ལྷོ་ཕྱོགས་སོག་པོའི་འགྲོ་བ་མིའི་ཐོབ་ཐང་བརྡ་འཕྲིན་ཁང་གི་འགན་འཛིན་གྱིས་ད་ལྟ་རྒྱ་ནག་གི་ཁོངས་སུ་ཡོད་པའི་སོག་པོའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་འདས་པའི་ལོ་ཁ་ཤས་ཀྱི་རིང་ལ་སྐྱོ་རུ་ཕྱིན་ཡོད་ཅིང་། རྒྱ་ནག་ས་གནས་གཞུང་གིས་སྤྱི་ཚོགས་བརྟན་ལྷིང་དང་། དཔལ་འབྱོར་འཕེལ་རྒྱས། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་མིང་ཐོག་ཏུ་ས་གནས་འབྲོག་པ་མང་ཚོགས་ཀྱི་འཚོ་བའི་ཐད་གནོན་ཤུགས་ཆེན་པོ་སྤྲད་ནས། ཐ་ན་སོག་ཡུལ་གྱི་འབྲོག་པ་རྣམས་ཀྱིས་རང་གི་སྲོལ་རྒྱུན་ལྟར་འཚོ་བ་བསྐྱལ་རྒྱུའི་ཐོབ་ཐང་ཡང་ཤོར་འགྲོ་གི་འདུག་ཅེས་བཤད་འདུག

XS
SM
MD
LG