ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཧུ་ཡའོ་པང་ལ་བཟའ་མི་ཚོས་རྗེས་དྲན།


༄༅།། ལོ་༣༠་གོང་དུ་གུ་ཡངས་ཀྱི་ལྟ་བ་འཛིན་པའི་རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཧུ་ཡའོ་པང་གློ་བུར་དུ་འདས་གྲོངས་སུ་གྱུར། རྒྱ་ནག་མི་དམངས་དང་སློབ་ཕྲུག་ཚོས་ཧུ་ཡའོ་པང་ལ་མྱ་ངན་བྱས་ནས་རིམ་གྱིས་གནམ་བདེ་སྒོ་མོ་ཆེའི་ཐང་དུ་སློབ་ཕྲུག་གིས་འགོ་ཁྲིད་པའི་རྒྱ་ནག་གི་དམངས་གཙོའི་ལས་འགུལ་ལངས། ད་ལོའི་ཕྱི་ཟླ་༤་ཚེས་༡༥་ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་འདས་པོ་ཧུ་ཡའོ་པང་གི་བུ་རབས་ཚ་རྒྱུད་༢༠་ཡས་མས་ཤིག་རྒྱ་ནག་གི་ཅང་ཤི་ཞིང་ཆེན། ཀོང་ཆིང་ཁྲེང་ས་གནས་སུ་ཡོད་པའི་ཧུ་ཁྱིམ་ཚང་གི་ཕ་མེས་ཀྱི་ཁྱིམ་གཞིས་དེར་འདུས་ནས་ཧུ་ཡའོ་པང་ལ་ཁྱིམ་ཚང་སྒེར་གྱི་མྱ་ངན་དང་རྗེས་དྲན་གྱི་བྱེད་སྒོ་སྟབས་བདེ་ཞིག་སྤེལ་དུ་བཅུག་རུང་། སྐབས་དེར་རྒྱ་གཞུང་གི་ཉེན་རྟོག་པ་ཚོས་ཧུ་ཡའོ་པང་གི་བཟའ་མི་ཚོར་ལྟ་རྟོག་ནན་པོ་བྱས་འདུག་ཅེས་ཧོང་ཀོང་དུ་གཞིས་ཚུགས་ཡོད་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ། གནས་ཚུལ་ཁྱབ་སྤེལ་ཁང་གི་དྲྭ་ཚིགས་སུ་གནས་ཚུལ་བཀོད་འདུག

གཟའ་ཟླའི་ཞོགས་པར་རྒྱ་ནག་གཞུང་གིས་ཧུ་ཁྱིམ་ཚང་གི་ཉེ་དུ་ཞིག་དུར་སར་བསྐྱོད་ནས་ཧུ་ཡའོ་པང་དང་ཧུ་ཡའོ་པང་གི་ཆུང་མ་ལི་ཀྲའོ་གཉིས་ཀར་མྱ་ངན་དང་རྗེས་དྲན་བྱེད་དུ་བཅུག་མོད། འོན་ཀྱང་རྒྱ་ནག་གཞུང་གིས་ཧུ་ཡའོ་པང་གི་བུ་མོ་ལི་ཧྲེང་དང་ཁྱོ་ག་མཚོ་དམག་བཀོད་འདོམས་པ་ལིའུ་ཞའོ་ཅང་གཉིས་ལ་མངོན་གསལ་དོད་པོ་བྱེད་མི་ཆོག་ཅེས་བཀའ་བཏང་སྟེ། ཁོ་ཚོ་ཉིན་ཤས་སྔོན་ལ་ལྐོག་ཏུ་ཀོང་ཆིང་ཁྲེང་གི་ཕ་ཁྱིམ་གྱི་དུར་སར་བཅར་ནས་ཧུ་ཡའོ་པང་ལ་རྗེས་དྲན་དང་མྱ་ངན་བྱེད་དུ་བཅུག་འདུག དེས་ན་བུ་མོ་དང་ཁྱོ་ག་གཉིས་བཟའ་མི་ཚོས་མཉམ་དུ་ཕྱི་ཚེས་༡༥་ཉིན་བཅར་ཐུབ་མེད་ཅིང་། ཧུ་ཡའོ་པང་གི་བུ་ཧུ་ཏེ་ཕིང་ནི་སང་ཞོགས་ཀོང་ཆིང་ཁྲེང་ནས་ལམ་ལ་ཆས་རྒྱུ་དང་བཟའ་མི་གཞན་རྣམས་གཞུག་ལ་བསྡད་ནས་འགྲེམ་སྟོན་དང་གཏམ་བཤད་སོགས་ཧུ་ཡའོ་པང་ལ་རྗེས་དྲན་གྱི་བྱེད་སྒོ་ཅུང་ཟད་ཅིག་སྤེལ་དུ་འཇུག་རྒྱུའི་རྟགས་མཚན་འདུག་ཅེས་གསར་འགྱུར་ཐོན།།

རྒྱ་ནག་གཞུང་གིས་བསམ་བཞིན་ཧུ་ཡའོ་པང་འདས་གྲོངས་སུ་གྱུར་པའི་དུས་སྐབས་དེར་རྗེས་དྲན་དང་མྱ་ངན་གྱི་བྱེད་སྒོ་གང་ཡང་སྤེལ་དུ་འཇུག་གི་མེད་རུང་རྒྱ་ནག་མི་དམངས་ཀྱིས་ཧུ་ཡའོ་པང་བརྗེད་ཀྱི་མེད་པ་སྟེ། རྒྱ་ནག་གི་དྲྭ་དམངས་ཀྱིས་ཧུ་ཡའོ་པང་ལ་རྗེས་དྲན་དང་དྲུག་བཞིའི་སློབ་ཕྲུག་གི་དམངས་གཙོའི་ལས་འགུལ་ལ་རྗེས་དྲན་གྱི་རྣམ་པ་མཚོན་པའི་རྩོམ་ཡིག་དང་རི་མོ། ཏག་སི་སོགས་བསྒྲིགས་ནས་ལས་འགུལ་སྤེལ་གྱི་ཡོད་པ་དང་། ཧུ་ཡའོ་པང་གི་བུ་དང་མནའ་མ་གཉིས་ཀོང་ཆིང་ཁྲེང་དུ་གཞིས་ཆགས་ཡོད་ཀྱང་ཧུ་ཏེ་ཕིང་ལ་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ཁང་གི་བློན་ཆེན་གཞོན་པ་ཟུར་པའི་གོ་གནས་ཡོད་པ་དང་རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་ཀྱི་འཐུས་མིའི་མཚན་གནས་ཡོད་ཅིང་། ༡༩༨༩་ལོའི་ཕྱི་ཟླ་༤་ཚེས་༢༢་ཉིན་རྒྱ་ནག་མི་དམངས་ཁྲི་ཚོ་མང་པོས་གནམ་བདེ་སྒོ་མོ་ཆེའི་ཐང་དུ་ཧུ་ཡའོ་པང་ལ་ཡོངས་གྲགས་སུ་མྱ་ངན་བྱས་པར་བསྡུར་ཚེ། ད་ལོ་རྒྱ་ནག་གཞུང་གིས་ཧུ་ཡའོ་པང་ཁྱིམ་ཚང་གི་བཟའ་མི་ཚོར་སྒེར་གྱི་མྱ་ངན་བྱེད་སྒོ་ཅུང་ཟད་ཅིག་ལས་སྤེལ་བཅུག་མེད་པ་རེད།།

༡༩༥༧་ལོར་བྱུང་བའི་རྒྱ་ནག་གི་གཡས་རྒོལ་ལས་འགུལ་དང་རིག་གནས་གསར་བརྗེའི་དུས་སུ་རྒྱ་ནག་གི་ཤེས་ཡོན་ཅན་དང་གསར་བརྗེ་བ་རྒན་རབས་པ་ཚོར་རྡུང་རྡེག་ཕོག་པ་རྣམས་ཧུ་ཡའོ་པང་གི་དུས་སུ་དཀར་འདོན་བྱུང་བས་༡༩༨༩་ལོར་རྒྱ་ནག་མི་དམངས་ཀྱིས་གནམ་བདེ་སྒོ་མོ་ཆེའི་ཐང་དུ་ཧུ་ཡའོ་པང་འདས་གྲོངས་སུ་གྱུར་བར་མྱ་ངན་ཞུས། ལོ་དེའི་ཕྱི་ཟླ་༦་ནང་དུ་རྒྱ་ནག་གཞུང་གིས་ཧུ་ཡའོ་པང་གི་རྗེས་འཛིན་པ་ཀྲའོ་ཙི་དབྱང་ཡང་གནས་དབྱུང་བཏང་ཞིང་། བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་རྒྱ་ནག་གི་དམར་ཤོག་ཚོགས་པའི་གུ་ཡངས་ཀྱི་ལྟ་བ་འཛིན་པའི་ཚོགས་མི་ཁག་ཅིག་པེ་ཅིང་གི་ཧུ་ཡའོ་པང་འདས་པོའི་ཁང་པར་འཛོམས་ནས་མྱ་ངན་ཞུས། ཁོ་ཚོའི་གྲས་སུ་ཡན་ཧྭ་ཁྲུན་ཆུག་ཅེས་ཆབ་སྲིད་ཀྱི་ལྟ་གྲུབ་གླེང་བའི་དུས་དེབ་ཀྱི་རྩོམ་སྒྲིག་པ་དང་དུས་དེབ་གསར་འཛུགས་པ་ཏུའུ་ཏའོ་ཀྲེང་སོགས་ཀྱང་རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁང་ཁག་གིས་ཞིས་ཅིན་ཕིང་གི་སྲིད་དབང་སྲ་བརྟན་བྱུང་བར་བསྔགས་བརྗོད་ཀྱི་ཡིག་བཀོད་པ་ལས། ཧུ་ཡའོ་པང་ལ་རྗེས་དྲན་གྱི་རྩོམ་ཡིག་སྣ་གཅིག་ཀྱང་མཐོང་ཐོས་མེད་པ་རེད།།

XS
SM
MD
LG