ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༥/༠༣/༢༥

རྒྱ་ནག་གི་མཁས་པའི་གྲས་སུ་གསང་ཉུལ་ཇེ་མང་།


༄༅།། རྒྱ་ནག་གི་མཁས་པ་ཀྲུའུ་ཧྥེང་གིས་ཨ་རིའི་ལོ་སི་ཨན་ཇཱི་ལི་སི་རྒྱལ་སྤྱིའི་གནམ་ཐང་དུ་གུས་ཟས་བཟས་ནས་པེ་ཅིང་ལ་ཕྱིར་ལོག་བྱེད་པར་རྒྱ་ནག་གི་མཁའ་ལམ་འགྲུལ་སྐྱེལ་གནམ་གྲུར་སྒུག་ཡོད་ཅིང་། དེ་ནས་གློ་བུར་དུ་ཨ་རིའི་དབུས་ཞིབ་གཅོད་ལྷན་ཁང་གི་ལས་སྣེ་གཉིས་ཡོང་ནས་གནམ་གྲུའི་སྒོ་ཁ་དེར་ཀྲུའུ་ཧྥེང་བཀག ཁོ་པའི་པ་སི་བླངས་ནས་ཨ་མི་རི་ཀས་ལོ་བཅུའི་ཐོངས་མཆན་སྤྲད་ཡོད་པར་སྨྱུ་གུ་ཞིག་གིས་ནག་སུབ་བྱས་ནས་ཨ་མི་རི་ཀར་བསྐྱར་དུ་ཡོང་མི་ཞིག་པ་ཞིག་ལ་བསྒྱུར་པའི་རྗེས་སུ་པ་སི་ཕྱིར་ལོག་བྱས་ཏེ་རྒྱ་ནག་ལ་ལོག་རྒྱུག་ཅེས་བརྫངས། ཀྲུའུ་ཧྥེང་ནི་རྒྱལ་སྤྱིའི་འབྲེལ་ལམ་རིག་པའི་སློབ་དཔོན་ཞིག་ཡིན་དང་ན་ནིང་ཕྱི་ཟླ་དང་པོའི་ནང་དུ་ཨ་རིའི་དབུས་ཞིབ་གཅོད་ལྷན་ཁང་གིས་རྒྱ་ནག་གི་རྒྱལ་སྤྱིའི་འགྲེལ་ལམ་རིག་པའི་སློབ་དཔོན་དེར་ང་ཚོས་ཁྱོད་ལ་བརྡ་ཞིག་གཏོང་གི་རེད་ཅེས་སྔོན་བརྡ་བཏང་འདུག

རྒྱ་ནག་དང་ཨ་མི་རི་ཀས་ཕྱི་འབྲེལ་བཙུགས་ནས་ལོ་༤༠་ཐམ་པའི་རིང་ལ་རྒྱ་ནག་གི་སྤྱི་ཚོགས་སུ་ཨ་མི་རི་ཀའི་ཤེས་ཡོན་ཅན་དང་མཁས་པ། ཉམས་ཞིབ་པ་ཚོ་འདྲ་མཉམ་ཞིག་ཡོང་ཏུ་བཅུག་མེད་ཀྱང་ཨ་མི་རི་ཀས་རྒྱ་ནག་གི་ཤེས་ཡོན་ཅན་དང་མཁས་པ། ཉམས་ཞིབ་པ་ཚོར་སྒོ་མོ་ཡོངས་སུ་ཕྱེ་ནས་རྒྱ་ནག་གི་མཁས་པ་ཚོར་ཨ་མི་རི་ཀའི་ལྟ་གྲུབ་ཀྱི་ཤན་ཞུགས་ཐེབས་ན་དགེ་མཚན་ཡོད་པའི་དམིགས་ཡུལ་འཆང་མོད། ལོ་བཅུ་ཕྲག་བཞིའི་རྗེས་སུ་རྒྱ་ནག་ལ་ཨ་མི་རི་ཀའི་ལྟ་གྲུབ་ཀྱིས་ཤུགས་རྐྱེན་ཐེབས་རྒྱུའི་ཚབ་ཏུ་རྒྱ་ནག་ནི་ཨ་མི་རི་ཀའི་ལྟ་གྲུབ་ཀྱི་ཁ་གཏད་པ་ཞིག་ཏུ་འགྱུར་གྱི་ཡོད་པས་རྒྱ་ནག་གི་མཁས་པ་ཚོར་ཨ་མི་རི་ཀས་འགོག་སྡོམ་བྱ་རྒྱུ་འགོ་ཚུགས། རྒྱ་ནག་གི་ཤེས་ཡོན་ཅན་དང་མཁས་པ། ཉམས་ཞིབ་པ་དང་སློབ་ཕྲུག་མང་པོ་ཞིག་གསང་ཉུལ་དང་ཨ་མི་རི་ཀའི་དཔལ་འབྱོར་དང་ཚོང་ལས། ཚན་རིག་དང་འཕྲུལ་རིག་གི་གསང་བའི་གནས་ཚུལ་རྐུ་འཁྱེར་པ། ཨ་མི་རི་ཀའི་ཆབ་སྲིད་ལ་ཐེ་གཏོགས་བྱེད་མཁན་ཡིན་པ་རྩད་ཆོད་ཀྱི་ཡོད་ཅིང་། དེར་བརྟེན་ཨ་མི་རི་ཀའི་དབུས་ཞིབ་གཅོད་ལྷན་ཁང་གིས་རྒྱ་ནག་གི་མཁས་པ་ཚོས་ཨ་མི་རི་ཀའི་གསང་བའི་གནས་ཚུལ་རྣམས་རྐུ་འཁྱེར་བྱས་ནས་རྒྱ་ནག་གི་གསང་བའི་ལས་ཁང་ཁག་ལ་སྤྲོད་ཀྱི་ཡོད་པའི་དོགས་ཟོན་བྱ་རྒྱུ་ཤུགས་ཆེ་རུ་བཏང་སྟེ། སྔ་ལོ་གཅིག་པུར་ཨ་མི་རི་ཀའི་སྲིད་དོན་རིག་པ་དང་ཚན་རིག ཤེས་ཡོན་གྱི་སློབ་གླིང་ཁག་ལ་ཚུད་པའི་རྒྱ་ནག་གི་སློབ་དཔོན་༣༠་ལྷག་ལ་ཨ་རིའི་གཞུང་ཚབ་ཁང་གིས་སྤྲད་པའི་ལོ་བཅུའི་ཐོངས་མཆན་རྣམས་ཕྱིར་བསྡུ་བྱས་འདུག

༢༠༡༨་ལོའི་ཨ་རིའི་གྲོས་ཚོགས་གོང་མའི་ཉན་ཞིབ་ཚོགས་འདུ་ཞིག་གི་ཐོག་ཏུ་ཨ་མི་རི་ཀའི་དབུས་ཞིབ་གཅོད་ལྷན་ཁང་གི་འགན་འཛིན་གྱིས་རྒྱ་ནག་ནི་ཨ་མི་རི་ཀའི་སྤྱི་ཚོགས་ལ་ཕྱོགས་ཡོངས་ནས་ཉེན་ཀ་ཅན་ཞིག་ཡིན་པས་ཨ་མི་རི་ཀས་ཀྱང་དེ་ལ་སྤྱི་ཚོགས་ཀྱི་ཕྱོགས་ཡོངས་ནས་གདོང་ལེན་བྱ་དགོས་ཀྱིན་འདུག་ཅེས་སྙན་སེང་ཞུས། ཨ་རིའི་དབུས་ཞིབ་གཅོད་ལྷན་ཁང་གིས་ཨ་རིའི་རྒྱལ་ཡོངས་ཀྱི་ཁྲིམས་འཛིན་ལས་ཁུངས་ཁག་ལ་རྒྱ་ནག་གི་གསང་བའི་ལས་ཁང་ཁག་གིས་སྐོར་སྐྱོད་སློབ་དཔོན་རྣམས་བརྒྱུད་ནས་ཨ་མི་རི་ཀའི་སྤྱི་དམངས་རྣམས་དམིགས་འབེན་དུ་འཛིན་གྱི་ཡོད་པ་གསལ་བོ་ཞིག་རེད་ཅེས་ཡིག་ཐུག་ཏུ་བརྡ་ཁྱབ་བཀྲམ། ཡིན་ནའང་གྲོས་ཚོགས་ལ་བརྡ་ཁྱབ་དེའི་ཞིབ་ཕྲའི་གནས་ཚུལ་རྣམས་སྙན་སེང་ཞུ་རྒྱུ་སྟབས་བདེ་བོ་མི་འདུག་ཅེས་གྲོས་ཚོགས་ཀྱི་འདྲི་ཞིབ་དུས་སུ་ལན་འདེབས་བྱས་འདུག ཨ་མི་རི་ཀའི་དབུས་ཞིབ་གཅོད་ལྷན་ཁང་གིས་རྒྱ་ནག་ནས་ཡོང་བའི་མཁས་པ་དེ་ཚོར་ཞིབ་འཇུག་བྱེད་ཀྱི་ཡོད་མེད་ལ་ངེས་གཏན་ཅི་ཡང་བྱས་མེད། ཨ་རིའི་གཞུང་གིས་རྒྱ་ནག་གི་ཚན་རིག་པ་ཚོས་ཨ་མི་རི་ཀའི་ཞིབ་འཇུག་སློབ་གླིང་ཁག་གི་གསང་བའི་གནས་ཚུལ་རྐུ་འཁྱེར་བྱེད་ཀྱིན་འདུག ཞིས་ཅིན་ཕིང་གིས་༢༠༤༩་ཡས་མས་སུ་རྒྱ་ནག་འཛམ་གླིང་གི་ཚན་རིག་ལག་རྩལ་གྱི་རིག་གནས་འགྲན་ཟླ་མེད་པའི་རྒྱལ་ཁབ་དེར་འགྱུར་དགོས་པའི་དམིགས་ཚད་བཟུང་ཡོད་པར་དམ་དྲག་ནན་པོ་བྱེད་ཀྱི་ཡོད་པ་རེད།།

ཨ་མི་རི་ཀའི་མཁས་པ་ཁག་ཅིག་གིས་རྒྱ་ནག་གི་ཉམས་ཞིབ་པ་ཡོད་དོ་ཅོག་བཀག་འགོག་བྱས་ན་དགེ་མཚན་མེད་པ་དང་ཨ་མི་རི་ཀ་གུ་ཡངས་ཀྱི་སྤྱི་ཚོགས་ཤིག་ཡིན་པའི་སྙན་གྲགས་ལ་གནོད་སྲིད། ཐ་ན་ཨ་རིའི་གཞུང་གིས་བཀག་འགོག་བྱས་པའི་རྒྱ་ནག་གི་མཁས་པ་ཁག་ཅིག་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་ཡར་རྒྱས་གཏོང་ཐབས་བྱེད་ཀྱི་ཡོད་པ་རྣམས་ཡིན། ཁོ་ཚོ་ལྷག་བསམ་རྣམ་དག་གིས་ཤེས་ཡོན་སློབ་སྦྱོང་དོན་གཉེར་བྱེད་མཁན་རེད་ཅེས་རྩོད་པ་རྒྱག་གི་ཡོད་ཀྱང་ཨ་མི་རི་ཀའི་མཁས་པ་ཁག་ཅིག་དེ་ལ་མི་འཐད། ཁོ་ཚོས་རྒྱ་ནག་ལ་ཤེས་ཡོན་སློབ་གཉེར་མཉམ་འབྲེལ་བྱེད་ཀྱི་ཡོད་པ་ཕྱོགས་གཅིག་ལ་ཁ་ཕན་ཡོད་པ་ཞིག་ཏུ་གྱུར་ནས་རྒྱ་ནག་འབའ་ཞིག་ལ་ཁེ་ཕན་ཐོབ་ཀྱིན་འདུག ཨ་མི་རི་ཀར་ཁེ་ཕན་མེད་པ་དང་རྒྱ་ནག་གིས་ཨ་མི་རི་ཀའི་ཉམས་ཞིབ་པ་ཚོར་ཐོངས་མཆན་འདྲ་མཉམ་ཞིག་སྤྲོད་ཀྱི་མི་འདུག ལྷག་པར་དུ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལ་སྐྱོན་བརྗོད་བྱེད་མཁན་ཨ་མི་རི་ཀའི་ཉམས་ཞིབ་པ་ཚོར་རྒྱ་ནག་གིས་གཏན་ནས་ཐོངས་མཆན་སྤྲོད་ཀྱི་མི་འདུག་ཅེས་རྒྱུ་མཚན་བགྲངས་སོ།།

XS
SM
MD
LG