ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

འཛམ་གླིང་ཡོངས་སུ་སྲོག་ཁྲིམས་གཅོད་རྒྱུ་ཇེ་ཉུང་།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཉེ་བའི་ལོ་ཤས་རིང་ནས་འཛམ་གླིང་རྒྱལ་ཁབ་ཁག་ཅིག་གིས་བཙོན་པར་སྲོག་ཁྲིམས་གཅོད་རྒྱུ་གཏན་ནས་མཚམས་འཇོག་བྱས་པའམ། ཡང་ན་སྲོག་ཁྲིམས་གཅོད་རྒྱུ་ཇེ་ཉུང་རུ་བཏང་བའི་སྟབས་ཀྱིས་སྤྱི་ལོ་༢༠༡༨་ལོར་རྒྱལ་སྤྱིའི་ཐོག་ཏུ་སྲོག་ཁྲིམས་བཅད་པའི་མིའི་གྲངས་ཀ་གསུམ་ཆའི་གཅིག་ཉུང་རུ་ཕྱིན། སྔ་ལོ་ནི་འདས་པའི་ལོ་བཅུའི་རིང་ལ་སྲོག་ཁྲིམས་བཅད་པའི་མིའི་གྲངས་ཀ་ཆེས་ཉུང་ཤས་སུ་གྱུར་པའི་ལོ་ཞིག་ཡིན་ཞིང་། རྒྱ་ནག་གིས་མི་ལ་སྲོག་ཁྲིམས་བཅད་པའི་གྲངས་ཀ་སྔར་བཞིན་འཛམ་གླིང་སྟེང་གི་རྒྱལ་ཁབ་གཞན་ལས་མང་ཤོས་དེ་རེད་ཅེས་སྤྱི་ཟླ་༤་པའི་ཚེས་༡༡་ཉིན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་སྙན་ཐོ་བཏོན།།

རྒྱལ་སྤྱིའི་སྟེང་དུ་མི་ལ་སྲོག་ཁྲིམས་བཅད་པ་ཉུང་དུ་འགྲོ་དགོས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་ཨི་རན་གྱིས་རྩ་ཁྲིམས་ལ་བཅོས་སྒྱུར་བཏང་སྟེ་དུག་རྫས་ཉོ་ཚོང་དང་འབྲེལ་བའི་སྲོག་ཁྲིམས་གཅོད་རྒྱུ་ཕྱེད་ཀ་ཙམ་མེད་པར་བཏང་བ་དེར་ཐུག་ཡོད་པའི་ངོས་འཛིན་བྱེད་ཆོག རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་སྲོག་ཁྲིམས་ཉམས་ཞིབ་པ་ཞིག་གིས་གནས་སྟངས་འདི་ནི་འཛམ་གླིང་ཧྲིལ་པོ་སྲོག་ཁྲིམས་ཀྱི་ཁྲིམས་གཅོད་འོག་ནས་ཐར་བཞིན་པའི་མཚོན་རྟགས་ཤིག་རེད་ཅེས་བརྗོད་འདུག རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ཁྱབ་བསྒྲགས་བྱས་པའི་བསྡོམས་རྩིས་ལྟར་ན་ན་ནིང་འཛམ་གླིང་ཡོངས་སུ་མི་༦༡༩་ལ་སྲོག་ཁྲིམས་བཅད། གཞེས་ནིང་ལོར་སྲོག་ཁྲིམས་བཅད་པའི་གྲངས་ཀ་ནི་མི་༩༩༣་ཡིན་པ་དེར་བསྡུར་ན་ཉུང་དུ་ཕྱིན་པ་ཤེས་རྟོགས་ཐུབ། འདི་ནི་ཨི་རན་གྱི་ཁྲིམས་ལུགས་ལ་བཅོས་སྒྱུར་བཏང་བའི་འགྱུར་བ་ཆེན་པོ་ཞིག་ཡིན་མོད། འོན་ཀྱང་ཨི་རན་གྱིས་ན་ནིང་ཡང་སྔར་བཞིན་མི་༢༥༠་ལ་སྲོག་ཁྲིམས་བཅད་འདུག་ཅེས་བཀོད། འཛམ་གླིང་ཡོངས་ཀྱི་སྲོག་ཁྲིམས་བཅད་པའི་གྲངས་ཀ་མང་ཤོས་ནི་རྒྱ་ནག་ཡིན་པ་དང་། དེའི་རྗེས་ལ་སོ་ཎི་ཨ་རེ་བྷི་ཡ་དང་ཝྭི་ཏེ་ནམ། ཨི་རག་དང་ཨི་རན་བཅས་ཡིན་པའི་ངོས་འཛིན་བྱས་ཡོད་པ་རེད།།

སྙན་ཐོ་དེའི་ནང་དུ་རྒྱ་ནག་གིས་སྲོག་ཁྲིམས་བཅད་པའི་གྲངས་ཀ་དེ་ཁ་གསལ་ཞིག་བཀོད་མེད་ཀྱང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་རྒྱ་ནག་ནི་འཛམ་གླིང་གི་སྲོག་ཁྲིམས་གཅོད་བཞིན་པའི་གྲངས་ཀ་ཆེས་མང་ཤོས་ཀྱི་རྒྱལ་ཁབ་དེར་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་གཞུང་གིས་ལོ་རེར་མི་ཅི་ཙམ་ལ་སྲོག་ཁྲིམས་བཅད་ནས་གསོད་ཀྱི་ཡོད་མེད་ཀྱི་གྲངས་ཀ་སྦ་གསང་བྱས་པའི་སྟབས་ཀྱིས་འདས་པའི་ལོ་བཅུའི་གོང་ནས་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་རྒྱ་ནག་གིས་སྲོག་ཁྲིམས་བཅད་པའི་མིའི་གྲངས་ཀ་རྩིས་ལེན་བྱ་རྒྱུ་མཚམས་འཇོག་བྱས་ཤིང་། ད་ལྟ་རྒྱ་ནག་གིས་ལོ་རེར་མི་སྟོང་ཕྲག་ལྷག་ལ་སྲོག་ཁྲིམས་གཅོད་ཀྱི་ཡོད་པ་དང་འཛམ་གླིང་གི་སྲོག་ཁྲིམས་བཅད་པའི་མི་གྲངས་ཆེས་མང་ཤོས་སུ་ངོས་འཛིན་བཞིན་པའང་ཚོད་རྩིས་ཆེས་དམའ་ཤོས་ཡིན་འདུག

སྤྱི་ལོ་༢༠༠༨་ཀྱི་ཚུན་ཆད་དུ་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ལོ་ལྟར་རྒྱལ་ཁབ་ཁག་གི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་སྡོམ་རྩིས་གཞིར་བཟུང་གིས་འབྲེལ་ཡོད་རྒྱལ་ཁབ་དེའི་སྲོག་ཁྲིམས་བཅད་པའི་གྲངས་ཀ་ཕྱིར་བསྒྲགས་བྱེད་བཞིན་ཡོད་ཀྱང་རྒྱ་ནག་ལྟ་བུར་མཚོན་ན་སྲོག་ཁྲིམས་བཅད་པའི་གྲངས་ཀ་ནི་རྒྱལ་ཁབ་ཀྱི་གསང་བའི་གནས་ཚུལ་ལ་བརྩིས་ཡོད། བྱང་ཀོ་རི་ཡ་དང་སི་རི་ཡར་མཚོན་ན་དམ་དྲག་ཆེ་དྲགས་པ་སོགས་ཀྱི་རྐྱེན་པས་སྲོག་ཁྲིམས་བཅད་པའི་མིའི་གྲངས་ཀ་ཁ་གསལ་ཞིག་རྩིས་ལེན་བྱེད་ཐུབ་ཀྱི་མེད་པ་རེད། ན་ནིང་ལྟ་བུར་མཚོན་ན་ཨི་རན་གཞུང་སོགས་ཀྱིས་སྲོག་ཁྲིམས་གཅོད་རྒྱུ་ཇེ་ཉུང་དུ་བཏང་བས་རྒྱལ་སྤྱིའི་སྟེང་དུ་ལྟོས་བཅས་ཀྱིས་སྒོ་ནས་སྲོག་ཁྲིམས་བཅད་པའི་གྲངས་ཀ་ཉུང་རུ་ཕྱིན་རུང་། བྷེ་ལོ་རུ་སི་དང་ཉི་ཧོང་། སིངྒ་པུར། ལྷོ་སུ་ཏན། ཨ་རི་སོགས་ཀྱི་སྲོག་ཁྲིམས་བཅད་པའི་གྲངས་ཀ་ལོ་སྔོན་མ་དང་བསྡུར་ན་མང་རུ་ཕྱིན་འདུག་ཅེས་སྙན་ཐོ་དེར་བཀོད། ༢༠༡༨་ལོར་ཨ་རིས་མི་༢༥་ལ་སྲོག་ཁྲིམས་བཅད་ཡོད་པ་དེ་༢༠༡༧་དང་བསྡུར་ན་ཅུང་ཙམ་མང་རུ་ཕྱིན་ཀྱང་གྲངས་ཀ་ཧ་ཅང་ཉུང་ཉུང་ཡིན་ཞིང་། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་སྤྱིའི་ཆ་ནས་རྒྱལ་སྤྱིའི་སྟེང་དུ་སྲོག་ཁྲིམས་གཅོད་བཞིན་པའི་གྲངས་ཀ་ཉུང་དུ་ཕྱིན་པ་དང་། ན་ནིང་བར་དུ་འཛམ་གླིང་རྒྱལ་ཁབ་༡༤༢་་ཀྱིས་སྲོག་ཁྲིམས་གཅོད་རྒྱུ་མེད་པར་བཏང་སྟེ་ཁྲིམས་ཐོག་ཏུ་གཏན་ལ་ཕབ་ནས་ལག་བསྟར་བྱེད་བཞིན་པ་རེད་ཅེས་སྙན་ཐོ་དེར་འཁོར་འདུག

XS
SM
MD
LG