ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཡུ་གུར་བའི་དྲྭ་ཚིགས་ལ་རྒྱའི་དྲྭ་དམག་གིས་གཏོར་རྒོལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

སྤྱི་ཟླ་༤་པའི་ཚེས་༡༠་ཉིན་གྱི་མཚན་མོར་རྒྱ་ནག་གི་ཌི་བྷ་དྲྭ་རྒྱའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གི་དྲྭ་དམངས་ལ་སྐུལ་སློང་བྱས་ནས་ཡུ་རོབ་ཏུ་གཞིས་ཚུགས་ཡོད་པའི་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་འཛམ་གླིང་ཡུ་གུར་རྒྱལ་ཡོངས་ཚོགས་པ་གཉིས་ཀྱི་ངོ་དེབ་ཀྱི་པར་ངོས་སུ་ཞབས་མཆན་མང་པོ་བཏབ་ཏེ་ཆེད་དུ་དྲྭ་ལམ་གཏོར་རྒོལ་བྱས་འདུག་ཅེས་འཇར་མན་གྱི་མཱིའུ་ཎིཀ་གྲོང་ཁྱེར་གྱི་འཛམ་གླིང་ཡུ་གུར་རྒྱལ་ཡོངས་པས་ཊོས་ཊིར་དྲྭ་ལམ་དུ་གསར་འགྱུར་སྤེལ་འདུག ཌི་བྷ་དྲྭ་ལམ་སྒྲིག་འཛུགས་ནི་རྒྱ་ནག་གི་མི་རིགས་རིང་ལུགས་པ་ཚོས་གཉེར་འཛིན་བྱེད་པའི་དྲྭ་ཚོགས་ཤིག་ཡིན་ཞིང་། ཁོ་ཚོས་རྒྱ་ནག་གཞུང་གི་སྲིད་ཇུས་དང་ལྟ་བ་སོགས་ལ་རྒྱབ་སྐྱོར་བྱས་ནས་རྒྱ་ནག་གི་ལངས་ཕྱོགས་ལ་མི་མཐུན་པའི་ཚོགས་སྡེ་ཁག་ལ་དྲྭ་ལམ་དུ་གཏོར་རྒོལ་བྱེད་ཀྱི་ཡོད་པ་རེད།།

འདི་དང་མཚུངས་སུ་རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་གྱི་དབྱིན་ཡིག་དྲྭ་ངོས་སུ་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཁག་ལ་སྐྱོན་བརྗོད་བྱེད་མཁན་དྲྭ་དམག་ལ་བསྟོད་རྩོམ་སྤེལ། རྩོམ་ཡིག་དེར་ཡུ་གུར་བའི་ཚོགས་པ་དེ་དག་གིས་ཡུ་གུར་བའི་གནས་སྟངས་ཐད་དུ་སྤེལ་བའི་གནས་ཚུལ་རྣམས་ཁུངས་ལུང་མེད་པ་དང་དངོས་ཡོད་གནས་ཚུལ་ལ་མི་མཐུན་པ་ཤ་སྟག་རེད། ཁོ་ཚོར་དྲྭ་ལམ་ནས་སྐྱོན་བརྗོད་བྱས་པ་ནི་ལུགས་མཐུན་ཞིག་དང་བསྔགས་བརྗོད་བྱ་འོས་པ་ཞིག་ཡིན་ཞེས་བསྟད། ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་རང་གི་ངོ་དེབ་དྲྭ་ངོས་སུ་དུས་གཅིག་ཏུ་ཉུང་མཐར་ཡང་དྲྭ་དམག་༢༠༠༠་ལྷག་གིས་གཏོར་རྒོལ་གྱི་ཞབས་མཆན་སྤེལ། དེ་བཞིན་ཚོགས་པའི་ཡིག་ཟམ་ནང་དུའང་ངོ་རྒོལ་གྱི་འཕྲིན་ཡིག་སྣ་ཚོགས་ཤིག་བསྐུར་འདུག་ཅེས་བཤད།།

འཇར་མན་རླུང་འཕྲིན་ཁང་སོགས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་ཞིབ་འཇུག་བྱས་ཡོད་པ་ལྟར་ན་ཡུ་གུར་བའི་ཚོགས་པ་གཉིས་ཀྱི་ངོ་དེབ་དྲྭ་ངོས་སུ་ཞབས་མཆན་བཀོད་པའི་ནང་དོན་ཕལ་ཆེ་བ་ནི་ཉེ་ཆར་རྒྱ་གཞུང་གིས་འགྲེམ་སྤེལ་བྱས་པའི་ཞིན་ཅང་གི་གནད་དོན་གླེང་བའི་ཡིག་ཆ་རྒྱབ་ཤ་དཀར་པོའི་བརྗོད་བྱ་ཁག་ཡིན་ཞིང་། ཡིག་ཆ་དེར་ཞིན་ཅང་གི་འཇིགས་སྐུལ་རིང་ལུགས་པ་དང་ཁ་བྲལ་རིང་ལུགས་པ། མཐའ་ལྷུང་རིང་ལུགས་པའི་སྟོབས་ཤུགས་བཅས་ཀྱིས་སྤྱི་ཚོགས་བརྟན་ལྷིང་ལ་གཏོར་བརླག་བྱེད་ཀྱིན་འདུག རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཇིགས་སྐུལ་བ་ཚོར་འཐབ་རྒོལ་བྱེད་ཀྱི་ཡོད་པའི་ཉམས་མྱོང་ལྟར་རྒྱ་ནག་གཞུང་གིས་ཀྱང་ཞིན་ཅང་གི་འཇིགས་སྐུལ་ལུགས་པ་ཚོར་འཐབ་རྒོལ་དང་འགོག་སྲུང་བྱེད་ཀྱི་ཡོད་ཅེས་བཀོད། ཞབས་མཆན་ཁ་ཤས་སུ་རྒྱ་ནག་གི་གཙོ་འཛིན་ཞིས་ཅིན་ཕིང་གི་འགོ་ཁྲིད་འོག་ཏུ་ཞིན་ཅང་གི་འཇིགས་སྐུལ་རིང་ལུགས་པ་དང་མཐའ་ལྷུང་རིང་ལུགས་པ་ཚོར་འཐབ་རྒོལ་བྱས་ནས་གྲུབ་འབྲས་ཆེན་པོ་ཐོན་ཡོད་ཅེས་འཁོད།།

འཛམ་གླིང་ཡུ་གུར་རྒྱལ་ཡོངས་ཚོགས་པས་གནས་ཚུལ་འདི་སྤེལ་མ་ཐག་ཏུ་རྒྱ་ནག་གོ་ལའི་དུས་བབ་ཚགས་པར་ལ་སྤྱི་ཟླ་༤་པའི་ཚེས་༡༠་ཉིན་གྱི་མཚན་མོའི་ཆུ་ཚོད་༨་པར་རྒྱ་ནག་གི་ཌི་བྷ་དྲྭ་དམག་གི་སྒྲིག་འཛུགས་ཀྱི་ཚོགས་མི་ཚོས་ཞིན་ཅང་མི་དམངས་ཀྱི་འཚོ་བའི་གནས་སྟངས་མཚོན་པའི་པར་རིས་དང་རྒྱ་ནག་གིས་ཞིན་ཅང་ཡར་རྒྱས་གཏོང་ཐབས་སུ་དམིགས་པའི་སྲིད་ཇུས། ཤར་ཏུར་ཀི་སི་ཐན་གྱི་ཚོགས་པ་རྣམས་འཇིགས་སྐུལ་དྲག་སྤྱོད་པའི་སྒྲིག་འཛུགས་རེད་ཅེས་ཚོགས་པ་དེ་དག་གི་ངོ་དེབ་དྲྭ་ངོས་སུ་ཞབས་མཆན་བཀོད། ཕྱི་ཚེས་༩་ཡི་མཚོན་མོར་ཌི་བྷ་དྲྭ་རྒྱའི་སྒྲིག་འཛུགས་ཀྱི་ངོ་དེབ་དྲྭ་ངོས་སུ་རྒྱ་ནག་གི་དྲྭ་དམངས་རྣམས་དྲྭ་ཐོག་གི་ལས་འགུལ་དེར་མཉམ་ཞུགས་བྱ་རྒྱུ་དགོས་པའི་འབོད་སྐུལ་ཞུས་པ་བཀོད་འདུག

ཌི་བྷ་སྒྲིག་འཛུགས་ཀྱིས་དྲྭ་ལམ་དུ་སྤེལ་བའི་འབོད་སྐུལ་ཡིག་ཆའི་ནང་དོན་གཙོ་བོ་ནི་རྒྱ་ནག་གི་མངའ་ཁོངས་གོང་བུ་གཅིག་གྱུར་ལ་སྲུང་སྐྱོབ་དང་མཐའ་ལྷུང་རིང་ལུགས་ལ་རྡུང་རྡེག ཁུངས་མེད་འཆལ་གཏམ་ལ་ཁ་གཏད་གཅོག་དགོས་བཅས་བཀོད་ནས་འཛམ་གླིང་ཡུ་གུར་རྒྱལ་ཡོངས་ཚོགས་པ་དང་ཧོ་ལན་ཌིར་ཡོད་པའི་ཤར་ཏུར་ཀི་སི་ཐན་གྱི་ཁ་བརྡ་ཞེས་པའི་ཚོགས་པ་གཉིས་ཀྱི་ངོ་དེབ་དྲྭ་ངོས་སུ་ཆེད་དུ་གཏོར་རྒོལ་བྱ་དགོས་ཞེས་སྐུལ་སློང་བྱས་ཡོད་ཅིང་། ཁོ་ཚོའི་ལས་འགུལ་དེས་མཐའ་ལྷུང་རིང་ལུགས་ལ་ངོ་རྒོལ་བྱེད་ཀྱི་ཡོད། མི་རིགས་དང་ཆོས་ལུགས་ལ་ངོ་རྒོལ་བྱེད་ཀྱི་མེད་ཅེས་བཀྲལ། ད་དུང་ཡུ་གུར་བ་ཚོས་ང་ཚོའི་འཚོ་བ་ཧ་ཅང་ལེགས་པོ་ཡོད་ཅེས་བརྗོད་པ་སོགས་བཀོད་ནས་འདས་པའི་ལོ་༦༠་རིང་དུ་ཞིན་ཅང་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་ར་སྤྲོད་ཆེད་དུ་བཟོས་པའི་པར་རིས་མང་པོ་དྲྭ་ལམ་དུ་སྤེལ། འདི་ནི་རྒྱ་ནག་གི་ཌི་བྷ་དྲྭ་ལམ་ཚོགས་པས་ལས་འགུལ་སྤེལ་བ་ཐེངས་དང་པོ་མིན་ཞིང་། དཔེར་ན་སྤྱི་ལོ་༢༠༡༦་ལོའི་ཕྱི་ཟླ་དང་པོའི་ནང་དུ་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་དང་འབྲེལ་ནས་དྲྭ་ཐོག་ཏུ་ངོ་རྒོལ་ལས་འགུལ་སྤེལ་མྱོང་ཡོད་པ་རེད།།

XS
SM
MD
LG