ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༥/༠༡/༡༧

ཁྲེན་ཅན་ཀང་ཕྱི་ལ་བསྐྱོད་མི་ཆོག་པའི་བཀག་སྡོམ།


༄༅།། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཁྲེན་ཅང་ཀང་ལ་ཨ་རིའི་ཧུ་བྷར་ཊི་ཧམ་ཧྥི་རི་ཤེས་ཡོན་མཐུན་ཚོགས་ཀྱི་སློབ་ཡོན་ཐོབ། ཁོ་པ་ཨ་མི་རི་ཀར་དབྱིན་ཇི་སློབ་སྦྱོང་བྱེད་དུ་ཡོང་ཆོག་གི་ཡོད་ཀྱང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཁྲེན་ཅན་ཀང་ཕྱི་རྒྱལ་ལ་བསྐྱོད་མི་ཆོག་པའི་བཀག་སྡོམ་བྱས་ནས་རང་ཁྱིམ་དུ་འགགས། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཁྲེན་ཅན་ཀང་རང་ཡུལ་དུ་བཀག་ཉར་བྱས་པ་ནི་རྒྱ་ནག་གི་ཁྲིམས་ལ་མཐུན་ཡོད། རྒྱ་ནག་གི་འབྲེལ་ཡོད་ཚན་པ་ཁག་གིས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལྟར་སྤྱི་དམངས་སྒེར་པ་སུ་ཞིག་ཕྱི་རྒྱལ་ལ་སྐྱོད་ཆོག་པ་དང་སུ་ཞིག་ནང་དུ་ཡོང་ཆོག་མིན་གྱི་ཐག་གཅོད་བྱེད་བཞིན་ཡོད་ཅེས་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལུ་ཀང་གིས་གསར་འགོད་པའི་དྲི་བར་ལན་བཏབ།།

ཨ་མི་རི་ཀའི་ཧུ་བྷར་ཊི་ཧམ་ཧྥི་རི་ཤེས་ཡོན་མཐུན་ཚོགས་ཀྱིས་མཐུན་རྐྱེན་སྦྱར་ནས་འཛམ་གླིང་ཡུལ་གྲུ་ཁག་གི་ཤེས་ཡོན་ཅན་དང་ཕུགས་བསམ་ཅན་རྣམས་བསྡུ་ལེན་བྱེད་ཀྱི་ཡོད་པ་དང་ཁོ་ཚོར་སློབ་སྦྱོང་སྤྲད་ནས་འབྱུང་འགྱུར་གྱི་གནད་ཡོད་འགོ་ཁྲིད་ཁག་ལ་སྐྱེད་སྲིང་བྱེད་ཀྱི་ཡོད་པར་བརྟེན། ཕྱི་ཟླ་༤་ཚེས་༡་ཉིན་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཁྲེན་ཅན་ཀང་པེ་ཅིང་རྒྱལ་སྤྱིའི་གནམ་ཐང་ནས་ཨ་རིའི་ནུབ་ཕྱོགས་སུ་ཆགས་པའི་སི་ཡེ་ཊལ་གྲོང་ཁྱེར་དུ་ཡོང་གྲབས་བྱེད་ཀྱི་ཡོད་ཀྱང་གནམ་ཐང་གི་ལས་སྣེ་ཚོས་ཁྲེན་ཅན་ཀང་ཟུར་དུ་ཁྲིད་ནས་དོ་བདག་ཕྱི་རྒྱལ་ལ་བསྐྱོད་མི་ཆོག་པའི་ཐོ་ཁོངས་སུ་བཅུག་འདུག་ཅེས་བཀག ཁོ་པས་ཁྲིམས་རྩོད་པ་ཚོ་ཁྲིམས་ལ་སྦྱར་ནས་ཁྲིམས་གཅོད་བྱེད་ཀྱི་ཡོད་པ་ནི་རྒྱ་ནག་གཞུང་གིས་རང་གི་སྤྱི་དམངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་གཏོང་གི་ཡོད་པ་སླར་ཡང་འཛམ་གླིང་ཡོངས་སུ་ར་འཕྲོད་སོང་། རྒྱ་ནག་གཞུང་གིས་ཁྲིམས་ལ་བརྩི་མེད་དང་རང་གི་ཁས་ལེན་དམ་བཅའ་སོགས་ལ་བརྩི་མེད་གཏོང་གི་ཡོད་པར་འཛེམ་ཟོན་མི་བྱ་ཞེས་གསལ་བསྒྲགས་སྤེལ།།

ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་ཁྲིམས་རྩོད་པ་ཁྲེན་ཅན་ཀང་ཕྱི་རྒྱལ་ལ་ཡོང་མི་ཆོག་པའི་བཀག་སྡོམ་བྱས་པར་བློ་འཚབ་ཆེན་པོ་ཡོད། རྒྱ་ནག་གཞུང་གིས་ངེས་པར་དུ་ཁྲེན་ཅན་ཀང་གི་འགྲིམ་འགྲུལ་རང་དབང་ལ་བརྩི་འཇོག་བྱ་དགོས། ཁྲིམས་རྩོད་པ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་རྣམས་རྒྱ་ནག་གི་སྤྱི་ཚོགས་སྲ་བརྟན་དང་ཁྲིམས་སྐྱོང་ལམ་ལུགས་སྲ་བརྟན་གཏོང་བའི་ཟླ་གྲོགས་ཡིན་པ་ངོས་ཟིན་དགོས་ཞེས་ནན་སྐུལ་བྱས་འདུག ཁྲེན་ཅན་ཀང་གིས་ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་དམངས་གཙོ་དོན་གཉེར་བའི་ཁྲིམས་རྩོད་པ་ཤེ་དབྱང་སོགས་ཆབ་སྲིད་ལ་འབྲེལ་བ་ཡོད་པའི་ཁྲིམས་རྩོད་པ་འགའ་ཞིག་གི་དག་འབུད་ཁྲིམས་རྩོད་པ་བྱས་མྱོང་ཡོད་ཅིང་། ༢༠༡༥་ལོར་རྒྱ་ནག་གི་གནོན་ཤུགས་འོག་ཏུ་ཧོང་ཀོང་ས་གནས་སྲིད་གཞུང་གིས་དམངས་གཙོའི་ལས་འགུལ་བའི་ཁྲིམས་རྩོད་པ་རྣམས་ཁྲིམས་ལ་སྦྱར་ནས་ཁྲིམས་གཅོད་བྱས་འདུག ཁྲེན་ཅན་ཀང་ལ་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བའི་ཁྲིམས་རྩོད་པ་ཤེ་དབྱང་གི་གྱོད་གཞི་དེར་ཁྲིམས་རྩོད་པ་བྱ་མི་དགོས་ཞེས་འཕོ་འགྱུར་བཏང་ཡང་རང་གི་དག་འབུད་བྱ་ཡུལ་དེར་བཀག་ཉར་སྐབས་སུ་རྡུང་རྡེག་བཏང་འདུག་ཅེས་ཁྱབ་བསྒྲགས་བྱས་ནས་རྒྱལ་སྤྱིའི་ཐོག་ཏུ་དོ་སྣང་བྱུང་ཡོད།།

རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཁྲེན་ཅན་ཀང་ལྟ་བུ་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་ལ་ཉེན་ཀ་ཞིག་ཡིན་པའི་ངོས་འཛིན་གྱིས་མི་དེའི་རིགས་རྒྱ་ནག་ཏུ་བཀག་ཉར་བྱས་ནས་ཕྱི་རྒྱལ་ལ་བསྐྱོད་དུ་འཇུག་གི་མེད་པ་དང་། ༢༠༡༧་ལོར་ཁྲེན་ཅན་ཀང་རང་གི་བཟའ་མི་ཚོའི་མཉམ་དུ་རྒྱ་ནག་གི་ཡུན་ནན་ཞིང་ཆེན་ལ་གུང་སེང་དུ་ཕྱིན་པའི་སྐབས་སུའང་རྒྱ་གཞུང་གི་ཉེན་རྟོག་པས་བཀག་འགོག་བྱས་པར་མ་ཟད། ཁོ་པའི་ཆུང་མ་དང་བུ་ཕྲུག་རྣམས་མཁའ་ལམ་བརྒྱུད་ནས་པེ་ཅིང་ལ་ཕྱིར་ལོག་བྱེད་དུ་བཅུག་ཀྱང་ཁྲེན་ཅན་ཀང་ཉེན་རྟོག་པའི་ལྟ་སྲུང་འོག་ཏུ་སྤྱི་ལེ་༣༢༠༠་ཐམ་པའི་ལམ་ཐག་ལ་ས་ཐོག་ཏུ་སྐྱེལ་བྱུང་ཞེས་བཤད་འདུག

XS
SM
MD
LG